སོ་ཏི་ཨ་རབ་དང་དབྱི་ལིང་གིས་ཕན་ཚུན་བར་གཞུང་ཚབ་ཆེན་མོ་མངག་གཏོང་བྱས།
2023.09.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 16

དབྱི་ལིང་ཧྥ་ཨར་སི་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། གསར་དུ་འགན་ཁུར་བའི་དབྱི་ལིང་དུ་སྡོད་པའི་སོ་ཏི་ཨ་རབ་ཀྱི་གཞུང་ཚབ་ཆེན་མོ་ཨ་པུའུ་ཏུའུ་ལཱ་ཨན་ཆི་ཚེས་ལྔ་ཉིན་དབྱི་ལིང་གི་རྒྱལ་ས་ཏི་ཧེ་ལན་དུ་འབྱོར། གཞན་ཡང་སོ་ཏི་ཨ་རབ་ཀྱི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། སོ་ཏི་ཨ་རབ་དངུ་སྡོད་པའི་དབྱི་ལིང་གི་གཞུང་ཚབ་ཆེན་མོ་ཨེ་ནཱ་ཡཱ་ཐིས་ཚེས་ལྔ་ཉིན་སོ་ཏི་ཨ་རབ་ཀྱི་རྒྱལ་ས་ལེ་ཡཱ་ཏི་རུ་འབྱོར་ཡོད་ཟེར།

ཧྥ་ཨར་སི་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཨ་པུའུ་ཏུའུ་ལཱ་ཨན་ཆི་ཏི་ཧེ་ལན་དུ་འབྱོར་ནས་ལས་འགན་གསར་བ་ཁུར་དུ་བླངས་རྗེས་གསལ་སྒྲོག་ཅིག་སྤེལ་ནས། སོ་ཏི་ཨ་རབ་ཀྱི་ཉིས་སྟོང་སུམ་ཅུ་ལོའི་རེ་སྨོན་གྱི་ནང་དོན་གཙོ་བོ་ཞིག་ནི་དབྱི་ལིང་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་རྒྱུ་དེ་ཡིན་ཟེར། ཁོས་སོ་ཏི་ཨ་རབ་དང་དབྱི་ལིང་ཕྱོགས་གཉིས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱས་ནས། རྒྱལ་ཁབ་གཉིས་ལ་ཁེ་ཕན་ཐོབ་པར་བྱེད་རྒྱུ་མ་ཟད་རྒྱལ་ཁབ་གཉིས་བར་གྱི་ཡིད་ཆེས་སྲ་བརྟན་དུ་གཏོང་རྒྱུ་ཡིན་པ་ནན་བཤད་བྱས།

སོ་ཏི་ཨ་རབ་ཀྱི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། གཞུང་ཚབ་ཆེན་མོ་ཨེ་ནཱ་ཡཱ་ཐིས་དང་མཉམ་དུ་ལེ་ཡཱ་ཏི་རུ་འབྱོར་མཁན་ལ་ད་རུང་དབྱི་ལིང་གི་ཕྱི་འབྲེལ་མི་སྣའི་ཚོགས་ཁག་ཅིག་ཡོད་པ་དང་། ཚོགས་ཁག་དེས་ད་ལོའི་ཟླ་དྲུག་པར་སོ་ཏི་ཨ་རབ་ཏུ་སྡོད་པའི་དབྱི་ལིང་གི་གཞུང་ཚབ་ཁང་སླར་གསོ་བྱས་པའི་ཚུན་ལ་གཞུང་ཚབ་ཁང་གི་ལས་དོན་གནས་སྐབས་སུ་ཚབ་བསྒྲུབ་བྱེད་པའི་སྔོན་བསྐྱོད་ཚོགས་ཁག་གི་བྱ་བ་དང་ལེན་བྱེད་རྒྱུ་རེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།