སུའུ་ཏན་བདག་དབང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའམ་དྲག་ཆས་དམག་དཔུང་གི་སྤྱི་ཁྱབ་དམག་སྤྱི་པུའུ་ཨར་ཧན་གྱིས་ཚེས་དྲུག་ཉིན་བཅའ་ཁྲིམས་བཀའ་རྒྱ་སྤེལ་ནས། སུའུ་ཏན་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གཏོང་རྒྱུ་ཁྱབ་བསྒྲགས་བྱས།
སུའུ་ཏན་བདག་དབང་ཨུ་ཡོན་ལྷན་ཁང་གིས་ཉིན་དེར་གསལ་སྒྲོག་སྤེལ་ནས། བཅའ་ཁྲིམས་བཀའ་རྒྱ་དེ་ཉིན་དེར་ནུས་ལྡན་དུ་གྱུར་བ་ཁྱབ་བསྒྲགས་བྱས། གསལ་སྒྲོག་ལས་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་ཟིང་འཁྲུག་བཟོས་པར་སྐྱོན་འཛུགས་བྱས་པར་མ་ཟད། རྒྱལ་ཁབ་དང་སྤྱི་དམངས་ལ་གནོད་པ་ཚབས་ཆེན་བཟོས་ཡོད་ལ། རྒྱལ་ཁབ་ཀྱི་རྨང་གཞིའི་སྒྲིག་ཆས་ལ་བསམ་བཞིན་དུ་གཏོར་བརླག་བཏང་ཡོད་ཟེར། སུའུ་ཏན་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་མིག་སྔར་ད་རུང་དོན་དེའི་ཐད་ནས་རྣམ་འགྱུར་ཅི་ཡང་བསྟན་མེད།
སུའུ་ཏན་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་ནི་སུའུ་ཏན་དྲག་ཆས་དམག་དཔུང་གི་གྲུབ་ཆ་ཞིག་ཡིན་ཞིང་། ཟླ་བཞི་བའི་ཚེས་བཅོ་ལྔ་ཉིན་སུའུ་ཏན་དྲག་ཆས་དམག་དཔུང་དང་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་བར་འཁྲུག་རྩོད་བྱུང་། འཁྲུག་རྩོད་དེ་གཙོ་བོ་རྒྱལ་ས་ཁཱ་ཐུའུ་མུའུ་དང་ལྷོ་ཕྱོགས་ཀྱི་ཏཱ་ཨར་ཧྥུའུ་ཨར་ས་ཁུལ་ནས་བྱུང་བ་རེད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བར་འདུམ་བྱས་པ་བརྒྱུད། ཕྱོགས་གཉིས་ཀྱིས་ཐེངས་མང་བོར་དུས་ཡུན་ཐུང་ངུའི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་བཀོད་ཀྱང་འཁྲུག་རྩོད་དེ་གཏན་དུ་མཚམས་འཇོག་ཐུབ་མེད།
སུའུ་ཏན་འཕྲོད་བསྟེན་པུའུ་ཡིས་བསྡོམས་རྩིས་བྱས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། འཁྲུག་རྩོད་ལས་མི་སྟོང་ཕྲག་འགའ་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མཉམ་འབྲེལ་རྒྱལ་ཚོགས་ལས་ཁུངས་ཀྱི་གཞི་གྲངས་གསར་བ་ལྟར་ན། སུའུ་ཏན་གྱི་འཁྲུག་རྩོད་ལས་མི་ས་ཡ་བཞི་དང་འབུམ་བརྒྱད་རང་ཁྱིམ་དང་བྲལ་ནས་ཡུལ་གཞན་དུ་མི་འཁྱམས་ཐབས་མེད་བྱུང་ཡོད་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།