དབྱི་ལིང་གི་ཙུང་ཐུང་གཞོན་པས་དབྱི་ལིང་དང་ཀྲུང་གོའི་བར་ཁོར་ཡུག་ཐད་མཉམ་ལས་ཀྱི་ནུས་པ་བཟང་བོ་ཡོད་པའི་ཚུལ་བསྟན།
2023.09.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 15

ཟླ་དགུ་བའི་ཚེས་ལྔ་ཉིན། དབྱི་ལིང་གི་ཙུང་ཐུང་གཞོན་པའམ་ཁོར་ཡུག་པུའུ་ཀྲང་སཱ་ལཱ་ཅེ་ཀའེ་དང་དབྱི་ལིང་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཐུན་སྦྱོར་བ་ཕུའུ་ལི་སི་ནཱ་དབྱི་ལིང་གི་རྒྱལ་ས་ཏི་ཧེ་ལན་ནས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུར་ཞུགས།

དབྱི་ལིང་གི་ཙུང་ཐུང་གཞོན་པའམ་ཁོར་ཡུག་པུའུ་ཀྲང་སཱ་ལཱ་ཅེ་ཀའེ་ཚེས་ལྔ་ཉིན་བསྟན་དོན། དབྱི་ལིང་དང་ཀྲུང་གོའི་བར་བྱེ་རྡུལ་འགོག་བཅོས་སོགས་ཁོར་ཡུག་གནད་དོན་ཐད་ནས་མཉམ་ལས་བཟང་བོ་བྱེད་པའི་ནུས་པ་ཡོད་ཟེར།

རྒྱལ་སྤྱིའི་བྱེ་རྡུལ་འགོག་བཅོས་ཀྱི་ཚོགས་ཆེན་མི་འགྱངས་པར་ཏི་ཧེ་ལན་ནས་བསྡུ་རྒྱུ་ཡིན་པ་དང་། སཱ་ལཱ་ཅེ་ཀའེ་ཡིས་ཏི་ཧེ་ལན་ནས་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་དྲི་བར་ལན་འདེབས་སྐབས་བཤད་རྒྱུར། དབྱི་ལིང་དང་ཀྲུང་གོ་ཕྱོགས་གཉིས་ཀྱིས་ཁོར་ཡུག་སྲུང་སྐྱོབ་ཀྱི་མཉམ་ལས་ལ་མཐོང་ཆེན་བྱེད་བཞིན་ཡོད་ཟེར། ཁོས་ཀྲུང་གོའི་བྱེ་བཅོས་ལག་རྩལ་དང་ཉམས་མྱོང་ལ་གཟེངས་བསྟོད་བྱས་པར་མ་ཟད། རྒྱལ་ཁབ་གཉིས་ཀྱི་ནམ་ཟླའི་ཆེད་མཁས་པས་དུས་བཅད་ལྟར་བརྗེ་རེས་བྱེད་བཞིན་ཡོད་ལ། ཁྱད་པར་དུ་བྱེ་རྡུལ་འགོག་བཅོས་ཁྱབ་ཁོངས་ནས་བསམ་ཚུལ་བརྗེ་རེས་བྱེད་བཞིན་ཡོད་ཟེར།

སཱ་ལཱ་ཅེ་ཀའེ་ཡིས་བཤད་རྒྱུར། དབྱི་ལིང་གིས་རྒྱལ་ཁབ་གཞན་པའི་བར་བྱེ་རྡུལ་འགོག་བཅོས་ཀྱི་ཉམས་མྱོང་མཉམ་སྤྱོད་བྱེད་འདོད་ཡོད་ཟེར། ཁོས་ཕན་ནུས་ལྡན་པའི་སྒོ་ནས་ཁོར་ཡུག་བཅོས་སྐྱོང་བྱས་ཏེ་སའི་གོ་ལའི་སྐྱེ་ཁམས་ཐད་གནས་པའི་ཛ་དྲག་གི་འགྲན་རྩོད་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་།

དབྱི་ལིང་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཐུན་སྦྱོར་བ་ཕུའུ་ལི་སི་ནཱ་ཡིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། དབྱི་ལིང་གིས་བྱེ་རྡུལ་འགོག་བཅོས་ཁྱབ་ཁོངས་སུ་འཛུགས་སྐྲུན་རང་བཞིན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཡོད་ལ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དབྱི་ལིང་བར་འབྲེལ་ཡོད་ཀྱི་མཉམ་ལས་འཛུགས་འདོད་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།