ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་དྲུང་ཡིག་ཆེན་མོས་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོའི་མཉམ་ལས་ཀྱིས་ཕྱོགས་གཉིས་ཀྱི་དམངས་ཀྱི་འཚོ་བར་ཕན་བདེ་བསྐྲུན་ཡོད་པའི་ཚུལ་བསྟན།
2023.09.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 15

ཟླ་དགུ་བའི་ཚེས་བདུན་ཉིན། ཧིན་རྡུ་ཉི་ཞི་ཡཱའི་ཡཱ་ཅཱ་ཏཱ་ནས། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་དྲུང་ཡིག་ཆེན་མོ་ཀའོ་ཅིན་ཧོང་གིས་སྐབས་ཞེ་གསུམ་པའི་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་མཐོ་རིམ་གྲོས་ཚོགས་ལ་ཞུགས་སྐབས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱས།

ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་དྲུང་ཡིག་ཆེན་མོ་ཀའོ་ཅིན་ཧོང་གིས་ཚེས་བདུན་ཉིན་ཧིན་རྡུ་ཉི་ཞི་ཡཱའི་རྒྱལ་ས་ཡཱ་ཅཱ་ཏཱ་ནས་བསྟན་དོན། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོའི་ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་དང་མི་གཞུང་བརྗེ་རེས་སོགས་ཁྱབ་ཁོངས་སོ་སོའི་མཉམ་ལས་རྣམ་པ་སྟོབས་ལྡན་པར་མངོན་ཡོད་ལ། དེ་ལས་བྱུང་བའི་གྲུབ་འབྲས་སྔས་མང་བོས་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོའི་མང་ཚོགས་ལ་ཕན་བདེ་བསྐྲུན་ཡོད་ཟེར།

ཀའོ་ཅིན་ཧོང་གིས་སྐབས་ཞེ་གསུམ་པའི་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་མཐོ་རིམ་གྲོས་ཚོགས་ལ་ཞུགས་སྐབས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་གོང་གི་སྐད་ཆ་དེ་བཤད་པ་རེད། ཁོས་བཤད་རྒྱུར། དུས་རྒྱུན་དུ་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོས་འབྲེལ་ཡོད་ཀྱི་རྐྱེན་སྲོལ་ལ་བརྟེན་ནས་རིམ་པ་དང་ཁྱབ་ཁོངས་སོ་སོ་ནས་མཉམ་ལས་སྤེལ་བ་དང་དེའི་རྣམ་པ་ཧ་ཅང་བཟང་། མ་འོངས་པར་རྒྱང་བལྟ་བྱས་ན་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོའི་མཉམ་ལས་ཀྱིས་རྣམ་པ་བཟང་བོ་དེ་སྲུང་འཛིན་བྱེད་དགོས་ཡོད་ཟེར།

ཀའོ་ཅིན་ཧོང་གིས་བཤད་རྒྱུར། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོའི་མཉམ་ལས་གོ་སྐབས་ཕུན་སུམ་ཚོགས་པ་དང་། ཁྱད་པར་དུ་རྒྱ་མཚོའི་དཔལ་འབྱོར་དང་ལྷད་མེད་དཔལ་འབྱོར། ནུས་ཁུངས་སྤོ་བསྒྱུར། མི་གཞུང་བརྗེ་རེས་སོགས་ཁྱབ་ཁོངས་སུ་མཉམ་ལས་ཀྱི་བར་སྟོང་རྒྱ་ཆེན་པོ་ཡོད། ང་ཚོས་ཀྲུང་གོས་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དག་གི་རྨང་གཞིའི་སྒྲིག་ཆས་ཀྱི་ལས་གཞིའི་མ་དངུལ་གཏོང་ཚད་ཇེ་ཆེར་གཏོང་བར་རེ་བཞིན་ཡོད་པ་དང་། དེ་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་དག་གི་དམངས་འཚོའི་ཕན་བདེ་ལ་ཕན་ཐོགས་ཡོད་ཟེར།

ས་ཁོངས་ཀྱི་ཕྱོགས་ཡོངས་ཀྱི་དཔལ་འབྱོར་གྲོགས་པོའི་འབྲེལ་བའི་གྲོས་ཆོད་དེ་ད་ལོའི་ཟླ་དྲུག་པར་ཕྱོགས་ཡོངས་ནས་ནུས་ལྡན་དུ་གྱུར་བ་དང་། ཀའོ་ཅིན་ཧོང་གིས་བཤད་རྒྱུར། ས་ཁོངས་ཀྱི་ཕྱོགས་ཡོངས་ཀྱི་དཔལ་འབྱོར་གྲོགས་པོའི་འབྲེལ་བའི་གྲོས་ཆོད་དེ་ལག་བསྟར་བྱས་ན་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོའི་མཉམ་ལས་ཀྱི་སྦས་ཤུགས་ཆེན་པོ་སྐུལ་སྤེལ་བྱས་ནས་ས་ཁོངས་ཀྱི་ཉོ་ཚོང་ཐད་སྒུལ་ཤུགས་གསར་བ་ཁ་སྣོན་བྱེད་ཐུབ་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།