ཟླ་དགུ་བའི་ཚེས་བདུན་ཉིན། ཧིན་རྡུ་ཉི་ཞི་ཡཱའི་ཡཱ་ཅཱ་ཏཱ་ནས། ཧིན་རྡུ་ཉི་ཞི་ཡཱའི་ཙུང་ཐུང་ཙོ་ཁི་ཡིས་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་མཐོ་རིམ་གྲོས་ཚོགས་སྐབས་ཞེ་གསུམ་པ་གྲོལ་རྗེས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས།
ཟླ་དགུ་བའི་ཚེས་བདུན་ཉིན། ཧིན་རྡུ་ཉི་ཞི་ཡཱའི་ཡཱ་ཅཱ་ཏཱ་ནས། ཧིན་རྡུ་ཉི་ཞི་ཡཱའི་ཙུང་ཐུང་ཙོ་ཁི་ཡིས་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ཤིང་གི་ཐོ་བ་དེ་ཉིས་སྟོང་ཉེར་བཞི་ལོའི་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ལའོ་ཝའོ་ཡི་ཙུང་ལི་སུང་སེ་ལ་སྤྲད།
ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་མཐོ་རིམ་གྲོས་ཚོགས་སྐབས་ཞེ་གསུམ་པ་དང་ཨེ་ཤ་ཡཱ་ཤར་མའི་མཉམ་ལས་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་རབ་དང་རིམ་པ་ཚེས་བདུན་ཉིན་ཧིན་རྡུ་ཉི་ཞི་ཡཱའི་རྒྱལ་ས་ཡཱ་ཅཱ་ཏཱ་ནས་གྲོལ། ཧིན་རྡུ་ཉི་ཞི་ཡཱའི་ཙུང་ཐུང་ཙོ་ཁི་ཡིས་མཇུག་སྒྲིལ་མཛད་སྒོའི་སྟེང་བསྟན་དོན། ཧིན་རྡུ་ཉི་ཞི་ཡཱ་ཡིས་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་ཁུར་བའི་སྐབས་སུ། ས་ཁུལ་གྱི་གཏན་འཇགས་དང་དར་རྒྱས་ལ་སྲུང་སྐྱོབ་བྱེད་པའི་ཐད་འབད་བརྩོན་ཆེན་པོ་བྱས་ཡོད་ཟེར། ཁོས་ཁོངས་གཏོགས་རྒྱལ་ཁབ་དག་གིས་མུ་མཐུད་དུ་ས་ཁུལ་དེ་ཞི་བདེ་དང་དཀྱེལ་ཡངས་ཀྱི་གར་སྟེགས་ཤིག་ཏུ་འཛུགས་སྐྲུན་བྱེད་དགོས་པའི་འབོད་སྐུལ་བཏང་།
ཙོ་ཁི་ཡིས་མཇུག་སྒྲིལ་མཛད་སྒོའི་སྟེང་བསྟན་དོན། སྐབས་འདིའི་གྲོས་ཚོགས་ནས་གྲུབ་འབྲས་ཡིག་ཆ་རབ་དང་རིམ་པར་གྲོས་འཆམ་བྱུང་བ་དང་། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་སོ་སོས་མུ་མཐུད་དུ་ལག་རྡང་སྦྲེལ་ནས་རྙོག་འཛིང་ཆེ་ཞིང་འགྱུར་ལྡོག་ཆེ་བའི་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་ཐག་གཅོད་བྱེད་རྒྱུ་ཡིན་ཟེར།
དེའི་རྗེས་སུ་ཙོ་ཁི་ཡིས་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་ཤིང་གི་ཐོ་བ་དེ་ཉིས་སྟོང་ཉེར་བཞི་ལོའི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ལའོ་ཝའོ་ཡི་ཙུང་ལི་སུང་སེ་ལ་སྤྲད།
གྲོས་ཚོགས་གྲོལ་རྗེས་ཀྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་། ཙོ་ཁི་ཡིས་བསྟན་དོན། ཧིན་རྡུ་ཉི་ཞི་ཡཱ་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱིས་མུ་མཐུད་དུ་ས་ཁུལ་གྱི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁེ་ཕན་ཆེད་དུ་འབོད་སྒྲ་གཏོང་རྒྱུ་ཡིན་ལ། སྨད་བརྒྱུད་ཀྱི་བཟོ་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་འདུས་ཟེར།
དེ་ལས་གཞན་སྐབས་འདིའི་མཐོ་རིམ་གྲོས་ཚོགས་ནས་ད་རུང་གློག་རྡུལ་ཚོང་དོན་དང་ཟས་རིགས་བདེ་འཇགས། ནམ་ཟླའི་འགྱུར་ལྡོག རྒྱ་མཚོའི་དཔལ་འབྱོར་སོགས་ལ་ཤུགས་སྣོན་པའི་ཁྱབ་ཁོངས་མང་བོའི་མཉམ་ལས་ཀྱི་གྲུབ་འབྲས་ཡིག་ཆ་རབ་དང་རིམ་པ་སྤེལ།
ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་མཐོ་རིམ་གྲོས་ཚོགས་དེ་སྤྱིར་བཏང་དུ་ལོ་རེར་ལོ་སྟོད་སྨན་གཉིས་ལ་ཐེངས་རེ་འཚོགས་བཞིན་ཡོད། སྐབས་སྔོན་མའི་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་མཐོ་རིམ་གྲོས་ཚོགས་དེ་ཟླ་ལྔ་བའི་ཚེས་བཅུ་ཉིན་ནས་ཚེས་བཅུ་གཅིག་ཉིན་བར་ཧིན་རྡུ་ཉི་ཞི་ཡཱ་ནས་འཚོགས་པ་རེད།
ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་དེ་གཅིག་སྟོང་དགུ་བརྒྱ་རེ་བདུན་ལོར་བཙུགས་པ་དང་། ད་ལྟའི་ཁོངས་གཏོགས་རྒྱལ་ཁབ་ལ་ཧིན་རྡུ་ཉི་ཞི་ཡཱ་དང་ཐེ་གོ། སིང་ག་ཕོར། ཧྥེ་ལེ་པེན། ཝུན་ལའེ། མཱ་ལེ་ཞི་ཡཱ། ཡོ་ནན། ལའོ་ཝའོ། ཁམ་ཕུ་ཀྲེ། འབར་མ་བཅས་རྒྱལ་ཁབ་བཅུ་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།