ཨུ་རུ་སིའི་འགྱེད་འཕྲོ་དང་རྫས་འགྱུར། སྐྱེ་དངོས་འགོག་སྲུང་དམག་དཔུང་གི་དམག་སྤྱི་ཅི་ལི་ལོ་ཧྥུའུ་ཡིས་བསྟན་དོན། ཨུ་རུ་སིའི་ཕྱོགས་ཀྱིས་ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་སྐྱེ་དངོས་བདེ་འཇགས་མཐོར་འདེགས་འཆར་གཞིའི་ཡིག་ཆའི་བདེན་དཔང་རྙེད་ཡོད་པ་དང་། ཡིག་ཆ་ལས་མངོན་པ་ལྟར་ན། ཨ་མེ་རི་ཁ་རྒྱལ་ཁབ་གཞན་པ་ནས་སྐྱེ་དངོས་ལས་གཞིར་ཞུགས་པའི་སྣང་ཚུལ་ཅུང་མང་བར་མ་ཟད། སྐྱེ་དངོས་མཚོན་ཆའི་བཀོལ་སྤྱོད་ཇེ་ཉུང་དུ་གཏོང་བ་སོགས་ཞི་བདེའི་དམིགས་ཡུལ་ལ་ཁ་གཡར་ནས། རང་གི་སྐྱེ་དངོས་དམག་དོན་གྱི་འགུལ་སྐྱོད་རྒྱ་ཇེ་ཆེར་གཏོང་བཞིན་ཡོད། འཆར་གཞི་དེའི་ཁྲོད་ཝུའུ་ཁི་ལན་གྱིས་དམིགས་བསལ་གོ་གནས་བཟུང་ཡོད་ལ། ཁེར་རྐྱང་གི་ས་ཁུལ་གྱི་གྲས་སུ་བཞག་ཡོད་ཟེར།
ཅི་ལི་ལོ་ཧྥུའུ་ཡིས་ད་རུང་བསྟན་དོན། ཉིས་སྟོང་གཅིག་ལོར་ཨ་མེ་རི་ཁས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྐྱེ་དངོས་མཚོན་ཆ་གཏན་འགོག་བྱེད་པའི་སྤྱི་ཆིངས་ཀྱི་བཅའ་ཁྲིམས་ཡིག་ཆ་གཏན་འབེབས་དང་ལག་བསྟར་བྱེད་པར་བཀག་འགོག་བྱས་ནས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རང་གི་སྐྱེ་དངོས་དམག་དོན་ཞིབ་འཇུག་ལ་ལྟ་རྟོག་བྱེད་ཐབས་མེད་པར་བྱས་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།