མཱ་ལེ་ཞི་ཡཱའི་ཚན་རྩལ་དང་གསར་གཏོད་ལས་དོན་པུའུ་ཡི་པུའུ་ཀྲང་ཀྲིན་ལི་ཁང་གིས་ཚེས་བརྒྱད་ཉིན་བསྟན་དོན། མཱ་ལེ་ཞི་ཡཱ་དང་ཀྲུང་གོའི་ཚན་རྩལ་ཁྱབ་ཁོངས་ཀྱི་མཉམ་ལས་ལ་འཕེལ་རྒྱས་ཆེན་པོ་བྱུང་བ་དང་། གསར་གཏོད་ལག་རྩལ་རེ་འགའི་མཉམ་ལས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་ཇེ་ཟབ་ཏུ་བཏང་ཡོད་ཟེར།
ཀྲིན་ལི་ཁང་གིས་ཉིན་དེར་ཅི་ལུང་ཕའོ་ནས་སྤེལ་བའི་ཉིས་སྟོང་ཉེར་གསུམ་ལོའི་ཀྲུང་གོའི་རིག་ནུས་ཚན་རྩལ་འགྲེམ་སྟོན་ཚོགས་འདུ་དང་གྲངས་ལྡན་གླེང་སྟེགས་མགོ་རྩོམ་པའི་མཛད་སྒོའི་སྟེང་བརྙན་རིས་ཞུ་ཚིག་ཕུལ་ཏེ། ཚན་རྩལ་ནི་མཱ་ལེ་ཞི་ཡཱའི་དར་རྒྱས་འཕེལ་རྒྱས་སུ་འགྲོ་བའི་རྨང་རྡོ་ཡིན་ཞིང་། ཞིང་ལས་དང་བཟོ་སྐྲུན་ལས་རིགས། སྨན་བཅོས་བདེ་སྲུང་སོགས་ལས་རིགས་མི་འདྲ་བ་དག་མཉམ་དུ་སྦྲེལ་ཐུབ། ཚན་རིག་ལག་རྩལ་གོང་འཕེལ་དུ་སོང་ན་དཔལ་འབྱོར་འཕར་སྣོན་ལ་སྐུལ་འདེད་ཐུབ་པར་མ་ཟད། དཔལ་འབྱོར་འཕེལ་རྒྱས་ཀྱི་གོ་སྐབས་གསར་བ་བསྐྲུན་པའི་ཞོར་དུ་མི་དམངས་ཀྱི་འཚོ་བའི་སྤུས་ཚད་མཐོར་འདེགས་བྱེད་ཐུབ་ཟེར།
མཱ་ལེ་ཞི་ཡཱ་དང་ཀྲུང་གོའི་ཚན་རྩལ་ཐད་ཀྱི་མཉམ་ལས་གླེང་སྐབས་ཀྲིན་ལི་ཁང་གིས་བཤད་རྒྱུར། ང་ཚོས་མཉམ་དུ་མིས་བཟོས་རིག་གནས་ཁྱབ་ཁོངས་དམིགས་སུ་བཟུང་བ་དང་བསྟུན་ནས། མིས་བཟོས་རིག་ནུས་དེ་སྨན་བཅོས་བདེ་ཐང་དང་འགྲིམ་འགྲུལ། བཟོ་སྐྲུན་ལས་རིགས་སོགས་གནད་འགག་ཁྱབ་ཁོངས་སུ་རྒྱ་ཆེར་བེད་སྤྱོད་བྱེད་པའི་སྦས་ཤུགས་སྔོག་འདོན་གང་ལེགས་བྱས་ཡོད། མཱ་ལེ་ཞི་ཡཱ་དང་ཀྲུང་གོའི་ནུས་ཁུངས་གསར་བའི་ལག་རྩལ་གསར་སྤེལ་ཐད་ཀྱི་མཉམ་ལས་དེ་སྦགས་བཙོག་དང་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་པར་གལ་འགངས་ཧ་ཅང་ཆེ། དེ་ལས་གཞན་ང་ཚོར་བར་སྣང་གི་འཚོལ་ཞིབ་ཐད་ནས་ཐུན་མོང་གི་དམིགས་འབེན་ཡོད་པ་དེ་ལས་དུས་ཡུན་རིང་བོའི་གཉིས་ཕན་མཉམ་རྒྱལ་གྱི་བྱ་བར་རྨང་གཞི་བཏིང་ཡོད་ཟེར།
མཱ་ལེ་ཞི་ཡཱའི་འཕྲིན་གཏོང་དང་གྲངས་ལྡན་ལས་དོན་པུའུ་ཡི་པུའུ་ཀྲང་གཞོན་པ་ཀྲང་ཉན་ཆོན་མགོ་རྩོམ་མཛད་སྒོར་ཞུགས་ཏེ་ཞུ་ཚིག་ཕུལ་ནས། མཱ་ལེ་ཞི་ཡཱ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་གློག་འཕྲིན་དང་གྲངས་ལྡན་དཔལ་འབྱོར་ཐད་ཁྱད་སྟོབས་ཁ་གསབ་བྱེད་བཞིན་ཡོད་ལ། མཉམ་དུ་འབད་བརྩོན་བྱས་ནས་ཁེ་ལས་དང་འཛད་སྤྱོད་པར་གོ་སྐབས་གསར་བ་བསྐྲུན་ཆོག ང་ཚོས་ཀྲུང་གོའི་ཁེ་ལས་ཀྱིས་མཱ་ལེ་ཞི་ཡཱའི་གྲངས་ལྡན་དཔལ་འབྱོར་གྱི་དངུལ་གཏོང་ཇེ་མང་དུ་གཏོང་བར་རེ་སྒུག་བྱེད་པ་དང་། མཱ་ལེ་ཞི་ཡཱ་དང་ཀྲུང་གོའི་གྲངས་ལྡན་འཕྲིན་གཏོང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་འཕེལ་རྒྱས་ཆེན་པོ་འབྱུང་བར་ཡང་རེ་སྒུག་བྱས་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།