ཚེས་བརྒྱད་ཉིན་ཨ་མེ་རི་ཁའི་ཞཱ་ཝེ་ཡེ་མངའ་སྡེའི་མའོ་དབྱེ་གླིང་ཕྲན་གྱི་མེ་སྐྱོན་ཆེན་མོ་བྱུང་ནས་ཟླ་ངོ་གཅིག་འགོར་ཡོད་པ་དང་། ས་གནས་དབང་འཛིན་ལས་ཁུངས་ཀྱིས་ཁྱབ་བསྒྲགས་བྱས་པའི་རྐྱེན་ལམ་དུ་ཤོར་བའི་མི་གྲངས་བརྒྱ་དང་བཅོ་ལྔ་ཡིན་པ་དང་། མི་སུམ་བརྒྱ་དང་གྱ་ལྔ་གར་སོང་རྙེད་མེད་ཟེར། ཨ་མེ་རི་ཁའི་སྨྱན་བྱད་ཀྱིས་ཚེས་བདུན་ཉིན་བསྒྲགས་པ་ལྟར་ན། གནོད་ཐེབས་ཆེས་ཚབས་ཆེ་བའི་ལཱ་ཧེ་ནཱ་གྲོང་ཁྱེར་གྱི་མེ་སྐྱོན་ལ་ཕྱོགས་ཡོངས་ནས་ཚོད་འཛིན་བྱུང་བ་ལས་གཞན། ཨོ་ལིན་ཏཱ་དང་ཁུའུ་ལཱ་ནས་རྒྱ་ཁྱོན་ལ་སྤྱི་ཆིང་ལྔ་བརྒྱ་དང་ཉི་ཤུ་ཡོད་པའི་ས་ཁོངས་གཉིས་ཀྱི་མེ་སྐྱོན་སྔར་བཞིན་ཚོད་འཛིན་བྱེད་ཐུབ་མེད། སྲིད་གཞུང་གི་གནོད་སྐྱོབ་བྱ་བར་འགོར་འགྱངས་ཆེ་བས། མང་ཚོགས་དག་དེར་བསམ་འཆར་ཆེ་བར་མངོན།
ཨ་མེ་རི་ཁའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། མའོ་དབྱེ་གླིང་ཕྲན་དང་མེ་སྐྱོན་ལ་འབྲེལ་བའི་བཅའ་ཁྲིམས་ཞུ་གཏུག་མང་དུ་འབྱུང་བཞིན་ཡོད། སྡོད་དམངས་དག་གིས་སྲིད་གཞུང་དང་གློག་ཤུགས་ཀུང་ཟིས་ལས་འཛོལ་བྱས་པར་ཞུ་གཏུག་བྱས་པ་དང་། སྲིད་གཞུང་གིས་གློག་ཤུགས་ཀུང་ཟིས་མེ་སྐྱོན་ལ་འགན་ཁུར་དགོས་པའི་ཞུ་གཏུག་བྱས་ཡོད། བསྒྲགས་པའི་གནས་ཚུལ་ལ་ད་རུང་ཐོན་ལས་གཙོ་བོ་གནས་སྐོར་ལས་རིགས་ལ་གྱོང་གུད་ཆེན་པོ་བཟོས་ཡོད་པ་དང་། ས་དེའི་དཔལ་འབྱོར་དཀའ་ཁག་གི་གནས་སུ་ལྷུང་ཡོད་ལ། མ་འོངས་པའི་ལོ་ངོ་གཉིས་ནང་དཀའ་ཁག་ལས་ཐར་དཀའ་བར་མངོན་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།