ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་དངོས་སུ་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ཁོངས་གཏོགས་སུ་གྱུར།
2023.09.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཀྱིས་ཚེས་དགུ་ཉིན་བསྡུས་པའི་རྩེ་ཚོགས་སྟེང་བསམ་ཚུལ་གཅིག་མཐུན་བྱུང་ནས། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་དེ་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་དངོས་གཞིའི་ཁོངས་གཏོགས་རྩ་འཛུགས་སུ་གདན་ཞུ་བྱས།

རྩེ་ཚོགས་ཀྱི་ཚོགས་ར་རུ། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞི། ཁི་མའོ་ལོ་རྒྱལ་ཁབ་ཀྱི་ཙུང་ཐུང་ཨ་སུའུ་མཱ་ཉི་རྒྱལ་ཁབ་སོ་སོའི་འཐུས་ཚབ་ཀྱི་ཐལ་མོ་རྡེབ་སྒྲའི་ཁྲོད་དུ། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་ཚབ་ཏུ་བཞུགས་གྲལ་དུ་བསྡད།

ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཟླ་གྲོགས་འབྲེལ་བ་དང་ཐོན་ཁུངས་སྒྲིག་བཀོད་ཟི་ཡི་སྤྱི་ཁྱབ་ལས་འཛིན་པ་ལཱ་ལང་ཏི་ཡིས་བཤད་རྒྱུར། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་དེ་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་དངོས་གཞིའི་ཁོངས་གཏོགས་སུ་བསྡུ་ལེན་བྱས་པ་དེ། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱིས་འཛམ་གླིང་ཡོངས་ཀྱི་རིམ་པའི་སྲིད་ཇུས་གཏན་འབེབས་ཁྲོད་དུ་རང་གི་བསམ་ཚུལ་འདོན་པར་ཕན་པ་ཡོད་པ་དང་། དེས་འཛམ་གླིང་གི་འཕེལ་རྒྱས་ལ་སྔར་ལས་ཡར་སྐུལ་བྱེད་ཐུབ་ཟེར།

ཀྲུང་གོ་ནི་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་དེ་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཁྲོད་ཞུགས་སུ་འཇུག་པའི་རྣམ་འགྱུར་གསལ་བོ་བསྟན་པའི་རྒྱལ་ཁབ་ཐོག་མ་ཡིན་པར་མ་ཟད། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱིས་འཛམ་གླིང་བཅོས་སྐྱོང་ཁྲོད་དུ་ནུས་པ་སྔར་ལས་ཆེན་པོ་འདོན་པར་རྒྱབ་སྐྱོར་བྱེད་བཞིན་ཡོད།

རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ནི་སྤྱི་ལོ་གཅིག་སྟོང་དགུ་བརྒྱ་གོ་དགུ་ལོར་བཙུགས་པ་དང་། རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་ཀྱི་གླེང་སྟེགས་གཙོ་བོ་དང་འཛམ་གླིང་གི་དཔལ་འབྱོར་བཅོས་སྐྱོང་གི་ལས་སྟེགས་གཙོ་བོ་རེད། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་ཁོངས་སུ་མ་ཞུགས་སྔོན་ལ། སྡེ་ཚོགས་དེ་ནི་ཀྲུང་གོ་དང་བཅས་པའི་རྒྱལ་ཁབ་བཅུ་དགུ་དང་ཡོ་རོབ་གླིང་མནའ་འབྲེལ་གྱིས་གྲུབ་པ་རེད།

ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་ནི་སྤྱི་ལོ་གཅིག་སྟོང་དགུ་བརྒྱ་རེ་གསུམ་ལོའི་ཟླ་ལྔ་པར་བཙུགས་པའི་ཨ་ཧྥེ་རི་ཁ་གླིང་གཅིག་གྱུར་རྩ་འཛུགས་ཞེས་པ་དེའི་རྨང་གཞིའི་སྟེང་བཙུགས་པ་རེད། སྤྱི་ལོ་གཅིག་སྟོང་དགུ་བརྒྱ་གོ་དགུ་ལོའི་ཟླ་དགུ་པར། ཨ་ཧྥེ་རི་ཁ་གླིང་གཅིག་གྱུར་རྩ་འཛུགས་ཀྱི་དམིགས་བསལ་འགོ་གཙོའི་གྲོས་ཚོགས་ཐེངས་བཞི་པའི་སྟེང་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་འཛུགས་རྒྱུའི་ཐག་བཅད་པ་རེད། སྤྱི་ལོ་ཉིས་སྟོང་བརྒྱ་མེད་གཉིས་ལོའི་ཟླ་བདུན་པར། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱིས་དངོས་སུ་ཨ་ཧྥེ་རི་ཁ་གླིང་གཅིག་གྱུར་རྩ་འཛུགས་ཀྱི་ཚབ་བྱས། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་ལ་ད་ལྟ་ཁོངས་གཏོགས་རྒྱལ་ཁབ་ང་ལྔ་ཡོད་པ་དང་། སྤྱི་ཁྱབ་ལས་ཁུངས་ཨེ་ཙི་ཨོ་ཕེ་ཡ་རྒྱལ་ཁབ་ཀྱི་རྒྱལ་ས་ཡ་ཏེ་སི་ཡ་པེ་པ་རུ་བཙུགས་ཡོད།

ཕྱུག་ལོས་བསྒྱུར།