འཇར་པན་གནམ་གཤིས་བརྟག་དཔྱད་ཁང་གིས་བསྒྲགས་པ་ལྟར་ན། ཚེས་བརྒྱད་ཉིན་ནས་དགུ་ཉིན་བར། མཚོ་རླང་བཅུ་གསུམ་པ་ཞེས་པ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་རླུང་གནོན་མཐོན་པོའི་ནམ་ཟླའི་ཤུགས་རྐྱེན་ཐེབས་པས། འཇར་པན་གྱི་ཆན་ཡེ་དང་ཚིས་ཁྲིན། ཧྥུའུ་ཏའོ་བཅས་རྫོང་གསུམ་ལ་ཆར་བ་དྲག་པོ་བབས། ཚེས་དགུ་ཉིན་བར་དུ་མི་གསུམ་རྐྱེན་ལམ་དུ་ཤོར་བ་དང་། ཁང་བ་ཆིག་སྟོང་ལྔ་བརྒྱ་ལྷག་ཆུ་ཡིས་བསྣུབས་སོང་ཟེར།
མཚོ་རླུང་བཅུ་གསུམ་པ་ཞེས་པ་དེ་ཚེས་བརྒྱད་ཉིན་གྱི་དགོང་མོར་པིན་ཀྲིག་གླིང་ཕྲན་དང་ཉེ་བའི་སྐབས་སུ་ཚ་རྒྱུད་ཀྱི་རླུང་གནོན་དམའ་མོར་གྱུར་ནའང་། གོང་གི་རྫོང་དེ་གསུམ་ལ་དྲག་ཆར་གྱི་གནོད་པ་བཟོས། གནམ་གཤིས་བརྟག་དཔྱད་ཁང་གིས་ཚེས་བརྒྱད་ཉིན་གོང་གི་རྫོང་དེ་གསུམ་ལ་ཐེངས་མང་བོར་དུས་ཡུན་ཐུང་ངུར་དྲག་ཆར་ཆེན་པོ་འབབ་པའི་ཉེན་བརྡ་བཏང་བ་དང་། ས་ཆ་མང་བོ་རུ་དུས་ཚོད་ཉེར་བཞིའི་རིང་ཆར་བ་བབས་ཚད་སྔོན་ཆད་ཀྱི་ལོ་རེར་ཟླ་དགུ་པ་ཧྲིལ་བོར་ཆར་བ་བབས་ཚད་ལས་ཀྱང་བརྒལ།
འཇར་པན་གྱི་སྨྱན་སྦྱོར་གྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཚེས་བརྒྱད་ཉིན་གྱི་ཕྱི་དྲོར་ཆན་ཡེ་རྫོང་གི་ཉེན་རྟོག་པ་ཞིག་ལ་མཚོ་རླུང་གི་གནོད་པ་ཐེབས་ནས་མཐོ་ས་ནས་ལྷུང་སྟེ་རྐྱེན་ལམ་དུ་ཤོར་བ་དང་། ཧྥུའུ་ཏའོ་རྫོང་ཕན་ཁྲིན་གྲོང་ཁྱེར་གྱི་རྒན་པོ་ཞིག་ཚེས་དགུ་ཉིན་ཆུ་རྐའི་ནང་དུ་རྐྱེན་ལམ་དུ་ཤོར་ཡོད་པ་མཐོང་ལ། ཚེས་དགུ་ཉིན་ཚིས་ཁྲིན་རྫོང་པེ་ཚིས་གྲོང་ཁྱེར་གྱི་གཙང་བོའི་ནང་དུ་ཡང་སྐྱེས་པ་ཞིག་རྐྱེན་ལམ་དུ་ཤོར་བ་མཐོང་ཟེར།
བསྡོམས་རྩིས་བྱས་པ་ལྟར་ན། དྲག་ཆར་གྱི་གནོད་པ་ཚབས་ཆེན་ཐེབས་པའི་ཧྥུའུ་ཏའོ་རྫོང་ཡན་ཁྲིན་གྲོང་ཁྱེར་ལྷོ་ཞང་མཱ་གྲོང་ཁྱེར་དུ་བསྡོམས་པས་ཁང་བ་ཆིག་སྟོང་ཉིས་བརྒྱ་དང་གསུམ་ཆུས་བསྣུབས་ཟེར།
འཇར་པན་གནམ་གཤིས་བརྟག་དཔྱད་ཁང་གིས་བཤད་རྒྱུར། མིག་སྔར་གནོན་དབུགས་དམའ་མོ་དེ་བྱང་མཚོའི་མཚོ་ཁོངས་སུ་བསྣུར་བཞིན་ཡོད་ལ། ཚོད་དཔག་བྱས་ཚེ་ཚེས་བཅུ་ཉིན་གྱི་ནམ་གུང་གི་སྔོན་ལ་ས་ཁུལ་དེ་རུ་དྲག་ཆར་ཆེན་པོ་འབབ་སྲིད་ཟེར།
ཕྱུག་ལོས་བསྒྱུར།