ཉིས་སྟོང་ཉེར་གསུམ་ལོའི་ཀྲུང་གོའི་དུས་ཆེན་ཞེས་པའི་བྱ་འགུལ་འཇར་པན་ཏུང་ཅིན་ནས་སྤེལ།
2023.09.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 23

ཀྲུང་འཇར་ཞི་བདེ་མཛའ་མཐུན་ཆིངས་ཡིག་བཀོད་ནས་ལོ་ཞེ་ལྔ་ལོན་པར་དྲན་གསོ་ཞུ་ཆེད། དུས་ཡུན་ཉིན་གཉིས་ཀྱི་ཉིས་སྟོང་ཉེར་གསུམ་ལོའི་ཀྲུང་གོའི་དུས་ཆེན་ཞེས་པའི་བྱ་འགུལ་ཚེས་དགུ་ཉིན་འཇར་པན་ཏུང་ཅིན་གྱི་ཏའེ་ཏའེ་མུའུ་སྤྱི་གླིང་ནས་སྤེལ་འགོ་བརྩམས།

ཐེངས་འདིའི་བྱ་འགུལ་ནི་འཇར་པན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་དང་ཉིས་སྟོང་ཉེར་གསུམ་ལོའི་ཀྲུང་གོའི་དུས་ཆེན་ལག་བསྟར་ཨུ་ཡོན་ལྷན་ཁང་གིས་མཉམ་དུ་གཙོ་སྒྲུབ་བྱས་པ་རེད། ཡུལ་དངོས་སུ་ཏུང་ཅིན་ཀྲུང་གོའི་རིག་གནས་ལྟེ་གནས་དང་ཏུང་ཅིན་དུ་སྡོད་པའི་ཀྲུང་གོའི་ཡུལ་སྐོར་ལས་དོན་ཁང་། འཇར་པན་དུ་ཡོད་པའི་ཀྲུང་གོའི་ཁེ་ལས་མཐུན་ཚོགས་སོགས་འགྲེམ་སྟོན་གྱི་གནས་བརྒྱད་ཅུ་ལྷག་བཀོད་སྒྲིག་བྱས་ཡོད་ལ། དེའི་དམིགས་ཡུལ་ནི་རིག་གནས་འགྲེམ་སྟོན་དང་ཞིམ་ཟས་རོལ་མྱོང་། ཡུལ་སྐོར་འོས་སྦྱོར་སོགས་ལ་བརྟེན་ནས་རྒྱལ་ཁབ་གཉིས་ཀྱི་མང་ཚོགས་ལ་མཛའ་མཐུན་བརྗེ་རེས་ཀྱི་སྟེགས་བུ་འདོན་སྤྲོད་བྱེད་རྒྱུ་དེ་རེད།

ཉིས་སྟོང་ཉེར་གསུམ་ལོའི་ཀྲུང་གོའི་དུས་ཆེན་ལག་བསྟར་ཨུ་ཡོན་ལྷན་ཁང་གི་ཆེས་མཐོའི་བློ་འདོན་པ། འཇར་པན་གྱི་དབུ་བཞུགས་བློན་ཆེན་ཟུར་པ་ཧྥུའུ་ཐེན་ཁང་ཧྥུའུ་དང་འཇར་པན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཝུའུ་ཅང་ཧའོ། འཇར་པན་གུང་མེན་ཏང་གི་ཏང་གཙོ་ཧྲན་ཁུག་ན་ཅིན་ནན། འཇར་པན་དུ་ཡོད་པའི་ཀྲུང་གོའི་ཁེ་ལས་མཐུན་ཚོགས་ཀྱི་ཚོགས་གཙོ་ཝང་ཅ་ཞུན་སོགས་བྱ་འགུལ་འགོ་རྩོམ་མཛད་སྒོར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།

ཧྥུའུ་ཐེན་ཁང་ཧྥུའུ་ཡིས་བཤད་རྒྱུར། ཀྲུང་གོའི་དུས་ཆེན་གྱི་གཞི་ཁྱོན་ཇེ་ཆེ་ནས་ཇེ་ཆེ་ཡིན་པ་དང་དགའ་བསུ་ཐོབ་ཚད་ཀྱང་ཇེ་བཟང་ནས་ཇེ་བཟང་རེད། ཚང་མས་ཐེངས་འདིའི་བྱ་འགུལ་བརྒྱུད་དེ་ཀྲུང་གོའི་རིག་གནས་ལ་རྒྱུས་ལོན་བྱེད་པ་དང་། འཇར་ཀྲུང་བར་གྱི་མཛའ་བརྩེ་རྒྱུན་མ་ཆད་པར་རྒྱུན་འཛིན་བྱེད་རྒྱུ་ནི་རེ་བ་ཡིན་ཟེར།

ཝུའུ་ཅང་ཧའོ་ཡིས་བཤད་རྒྱུར། ཀྲུང་གོའ་དུས་ཆེན་ནི་འཇར་པན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་འཇར་ཀྲུང་མཛའ་མཐུན་ཚོགས་པ་དང་། ཕྱིར་སྡོད་ཀྲུང་གོ་དང་མཉམ་དུ་བསྐྲུན་པའི་བྱ་འགུལ་ཞིག་ཡིན་ལ། ལོ་མང་བོར་ཀྲུང་འཇར་གྱི་དམངས་ཁྲོད་བརྗེ་རེས་ལ་ཡར་སྐུལ་བྱེད་པར་ནུས་པ་གང་ལེགས་བཏོན་ཡོད། ལོ་ཞེ་ལྔའི་སྔོན་ལ། ཀྲུང་འཇར་རྒྱལ་ཁབ་གཉིས་ཀྱིས་ཞི་བདེ་མཛའ་མཐུན་ཆིངས་ཡིག་བཀོད་ནས། བཅའ་ཁྲིམས་ཀྱི་རྣམ་པས་ཀྲུང་འཇར་གྱིས་ཞི་བདེ་དང་མཛའ་མཐུན། མཉམ་ལས་བཅས་རྒྱུན་འཁྱོངས་བྱེད་དགོས་པ་གཏན་འབེབས་བྱས་ཏེ། ཕྱོགས་གཉིས་ཀྱི་འགྲོ་འོང་ཐད་གཏན་དུ་དུས་ཡོལ་མེད་པ་དང་ཡུན་རིང་ལག་བསྟར་བྱེད་ཆོག་པའི་རྩ་དོན་དང་ཁ་ཕྱོགས་གཏན་འབེབས་བྱས་པ་རེད། འཇར་པན་གྱི་གྲོགས་པོ་སྔར་ལས་མང་བོ་ཀྲུང་གོར་ཡོང་ནས་ཀྲུང་གོའི་གོང་འཕེལ་འགྱུར་ལྡོག་ལ་རྟོག་ཞིབ་བྱས་ཏེ། ཀྲུང་གོའི་སྤྱི་ཚོགས་ཡར་ངོའི་ཟླ་ལྟར་འཕེལ་བའི་སྐྱེ་སྟོབས་དང་གསོན་ཤུགས་ཉམས་སུ་མྱོང་བར་དགའ་བསུ་ཞུ་ཟེར།

འཇར་པན་གྱི་མང་ཚོགས་ཀྱིས་བྱ་འགུལ་སྤེལ་ཡུལ་ནས་ཀྲུང་གོའི་གློག་སྒུལ་རླངས་འཁོར་དང་རིག་ནུས་ཁྱིམ་ཆས་ཉམས་སུ་མྱངས། བྱ་འགུལ་སྤེལ་སྐབས་ཀྲུང་འཇར་རྒྱལ་ཁབ་གཉིས་ཀྱི་སྒྱུ་རྩལ་པ་དང་འཁྲབ་སྟོན་པས་ཁྱད་ཆོས་མངོན་པར་གསལ་བའི་རིག་རྩལ་འཁྲབ་སྟོན་ཉི་ཤུ་ལྷག་བྱ་རྒྱུ་རེད།

ཕྱུག་ལོས་བསྒྱུར།