མར་ཏེ་ཝེའི་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཁྱབ་བསྒྲགས་བྱས་པའི་མཇུག་འབྲས་ལྟར་ན། ཚེས་དགུ་ཉིན་གྱི་ཙུང་ཐུང་འདེམ་བསྐོའི་ཁྲོད་བརྒྱ་ཆའི་ལྔ་བཅུ་ལས་བརྒལ་བའི་འདེམ་ཤོག་ཐོབ་པའི་འདེམ་སྒུག་པ་གཅིག་ཀྱང་མེད་པས། རྩ་ཁྲིམས་ལྟར་ཙུང་ཐུང་འདེམ་བསྐོའི་སྐོར་ཐེངས་གཉིས་པའི་འདེམ་ཤོག་འཕེན་པའི་བྱ་འགུལ་སྤེལ་དགོས་ཟེར།
མར་ཏེ་ཝེའི་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལྟར་ན། ཐེངས་འདིའི་ཙུང་ཐུང་འདེམ་བསྐོའི་འདེམ་དམངས་སྤྱིའི་མི་གྲངས་འབུམ་གཉིས་དང་ཁྲི་བརྒྱད་ལས་བརྒལ་ཡོད་པ་དང་། དེའི་ཁྲོད་མི་འབུམ་གཉིས་དང་ཁྲི་གཉིས་སྟོང་ལྔ་ཙམ་འདེམ་ཤོག་འཕེན་པའི་བྱ་འགུལ་ཁྲོད་ཞུགས་ཡོད། བསྡོམས་པས་འདེམ་སྒུག་པ་བརྒྱད་ཐེངས་འདིའི་ཙུང་ཐུང་འདེམ་བསྐོའི་ཁྲོད་ཞུགས་ཡོད་པ་དང་། ཡར་ཐོན་ཚོགས་ཆེན་མནའ་འབྲེལ་གྱི་འདེམ་སྒུག་པ། མཱ་ལེ་གྲོང་ཁྱེར་གྱི་ཧྲི་ཀྲང་མུའུ་དབྱི་ཙུའུ་ལ་བརྒྱ་ཆའི་ཞེ་དྲུག་དང་གྲངས་ཆུང་ཐིག་དྲུག་གི་འདེམ་ཤོག་ཐོབ་ཡོད། མར་ཏེ་ཝེའི་དམངས་གཙོ་ཏང་གི་འདེམ་སྒུག་པ། ད་ལྟའི་ཙུང་ཐུང་སཱ་ལེ་ཧི་ལ་བརྒྱ་ཆའི་སོ་དགུ་དང་གྲངས་ཆུང་ཐིག་དགུའི་འདེམ་ཤོག་ཐོབ་ཡོད།
མར་ཏེ་ཝེའི་རྩ་ཁྲིམས་ལྟར་ན། ཙུང་ཐུང་འདེམ་སྒུག་པར་བརྒྱ་ཆའི་ལྔ་བཅུ་ལས་བརྒལ་བའི་འདེམ་ཤོག་ཐོབ་ན་ཐད་ཀར་ཙུང་ཐུང་ལ་གདམ་ཆོག་པ་དང་། གལ་ཏེ་ཕྱེད་ཀ་ལས་བརྒལ་བའི་འདེམ་ཤོག་ཐོབ་མཁན་གཅིག་ཀྱང་མེད་ཚེ། འདེམ་ཤོག་ཐོབ་མཁན་མང་ཤོས་ཀྱི་འདེམ་སྒུག་པ་གཉིས་སྐོར་ཐེངས་གཉིས་པའི་འདེམ་ཤོག་འཕེན་པའི་བྱ་འགུལ་ཁྲོད་ཞུགས་དགོས།
ས་དེའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། སྐོར་ཐེངས་གཉིས་པའི་འདེམ་ཤོག་འཕེན་པའི་བྱ་འགུལ་དེ་ཟླ་དགུ་པའི་ཚེས་སུམ་ཅུ་ཉིན་སྤེལ་འཆར་ཡོད།
ལྷ་མོ་ཚེ་རིང་གིས་བསྒྱུར།