མཱ་ཁི་ལུང་གིས་ཧྥ་རན་སིའི་ནེ་ཀྲིར་དུ་སྡོད་པའི་དམག་དཔུང་ལེགས་སྒྲིག་བྱེད་པའི་ལས་དོན་ཐད་ནེ་ཀྲིར་གྱི་ཁྲིམས་མཐུན་སྲིད་གཞུང་གཅིག་པུར་མ་གཏོགས་མཐུན་སྦྱོར་མི་བྱེད་ཅེས་བསྟན།
2023.09.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 60

ཧྥ་རན་སིའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན།   ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་ཚེས་བཅུ་ཉིན་རྒྱ་གར་གྱི་ངྷི་ལེ་གསར་བ་ནས་བསྟན་དོན།  ཧྥ་རིན་སིའི་ནེ་ཀྲིར་དུ་སྡོད་པའི་དམག་དཔུང་ལེགས་སྒྲིག་བྱེད་དགོས་ཚེ།   ཧྥ་རིན་སིའི་མཐུན་སྦྱོར་བྱ་ཡུལ་ནི་ནེ་ཀྲིར་གྱི་ཁྲིམས་མཐུན་སྲིད་གཞུང་ཡིན་པ་ལས།  སྲིད་འགྱུར་དམག་མི་མིན་ཟེར།

མཱ་ཁི་ལུང་གིས་ཉིན་དེར་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་རྩེ་ཚོགས་ལ་ཞུགས་པའི་སྐབས་སུ།  སྨྱན་བྱད་ཀྱི་དྲི་བར་ལན་འདེབས་དུས་བཤད་རྒྱུར།   ང་ཚོས་ལེགས་སྒྲིག་ཅི་ཞིག་བྱས་ཀྱང་།  ངས་ཙུང་ཐུང་པཱ་ཙུའུ་མུའུ་ཡི་གྲོས་འདོན་འོག་ལེགས་སྒྲིག་བྱས་ཏེ་ཁོ་དང་མཐུན་སྦྱོར་བྱ་རྒྱུ་ཡིན་པ་ལས།   རྒྱལ་ཁབ་ཅིག་གི་ཙུང་ཐུང་བཀག་འཇུག་བྱེད་པའི་མི་དང་མཐུན་སྦྱོར་བྱེད་མི་སྲིད་ཟེར།

ནེ་ཀྲིར་གྱི་ཙུང་ཐུང་པཱ་ཙུའུ་མུའུ་ཟླ་བདུན་པའི་ཚེས་ཉེར་དྲུག་ཉིན་ནས་ད་བར་དུ་སྲིད་འགྱུར་དམག་མིས་བཀག་འཇུག་བྱས་པ་དང་།   སྲིད་འགྱུར་དམག་མིས་མེས་རྒྱལ་སྲུང་སྐྱོབ་རྒྱལ་ཁབ་ཨུ་ཡོན་ལྷན་ཁང་བཙུགས་པ་དང་།  པཱ་ཙུའུ་མུའུ་ཡི་ཙུང་ཐུང་གི་འགན་དབང་བླངས་ནས་དམག་མིའི་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་ལས་དོན་ལ་དོ་དམ་བྱས་པ་ཁྱབ་བསྒྲགས་བྱས།   ཧྥ་རན་སི་ཡིས་ནེ་ཀྲིར་གྱི་སྲིད་འགྱུར་དབང་འཛིན་ལས་ཁུངས་ཁས་ལེན་བྱས་མེད།

ནེ་ཀྲིར་སྔོན་ཆད་ཧྥ་རན་སིའི་མི་སེར་སྤེལ་ཡུལ་ཡིན།  བསྒྲགས་པ་ལྟར་ན།  ཧྥ་རན་སིའི་ནེ་ཀྲིར་དུ་སྡོད་པའི་ད་ཡོད་ཀྱི་དམག་མི་སྟོང་གཅིག་དང་ལྔ་བརྒྱ་ཡོད།  ཟླ་འདིའི་ཚེས་གཉིས་ཀྱི་ཚུན་ལ།   ནེ་ཀྲིར་གྱི་མང་ཚོགས་སྟོང་ཕྲག་མང་བོ་ནེ་ཀྲིར་གྱི་རྒྱལ་ས་ཉི་ཡ་མེ་ལྷོ་ཕྱོགས་ཀྱི་ཧྥ་རན་སིའི་དམག་དཔུང་བཅའ་སྡོད་བྱེད་སར་འཛོམས་ནས།  ཧྥ་རན་སིའི་མི་ནེ་ཀྲིར་དང་འབྲལ་དགོས་པའི་ཁ་གཡང་མཐོར་པོར་བསྒྲགས་པ་དང་།   ཧྥ་རན་སིའི་བཅའ་སྡོད་དམག་མི་ཆ་རྐྱེན་ཅི་ཡང་མེད་པའི་སྒོ་ནས་ནེ་ཀྲིར་དང་འབྲལ་དགོས་པའི་རེ་བ་བཏོན།   གཞན་ཡང་ཧྥ་རན་སིའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན།   ཉེ་ལམ་ཧྥ་རན་སིའི་དམག་ཕྱོགས་ཀྱིས་ནེ་ཀྲིར་གྱི་སྲིད་འགྱུར་དབང་འཛིན་ལས་ཁུངས་དང་མཉམ་དུ་ཧྥ་རན་སིས་ནེ་ཀྲིར་དུ་དམག་དོན་ཐོན་ཁུངས་ཁ་ཤས་ཕྱིར་འཐེན་བྱེད་པའི་ཐད་ཕན་ཚུན་བརྗེ་རེས་བྱས་མྱོང་ཟེར།

                                                                                                              ལྷ་མོ་ཚེ་རིང་གིས་བསྒྱུར།