མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་སི་རི་ཡཱའི་གནད་དོན་གྱི་ཆེད་མངགས་ཕོ་ཉ་ཕའེ་ཁེ་རུའུ་ཡིས་སི་རི་ཡཱའི་རྒྱལ་ས་ཏ་མ་སི་ཁོ་ནས་བསྟན་དོན། ཆབ་སྲིད་ལ་བརྟེན་ནས་སི་རི་ཡའི་ཉམས་ཉེན་ཐག་བཅད་ན། སི་རི་ཡཱའི་དཔལ་འབྱོར་དང་མི་ཆོས་རིང་ལུགས་ཀྱི་དཀའ་ཁག་ད་གཟོད་ཇེ་ཡང་དུ་གཏོང་ཐུབ་ཟེར།
ཕའེ་ཁེ་རུའུ་ཡིས་ཉིན་དེར་སི་རི་ཡཱའི་ཕྱི་འབྲེལ་དཔོན་པོ་མཱེ་ཁི་ཏཱ་ཏི་ལ་ཐུག་འཕྲད་བྱས་རྗེས་སྨྱན་བྱད་ལ་བསྟན་དོན། ཆབ་སྲིད་ལ་བརྟེན་ནས་སི་རི་ཡཱའི་ཉམས་ཉེན་ཐག་བཅད་ན། སི་རི་ཡཱའི་མིག་སྔའི་དཔལ་འབྱོར་ཉམས་ཉེན་དང་མི་ཆོས་རིང་ལུགས་ཀྱི་དཀའ་ཁག་ད་གཟོད་ཇེ་ཡང་དུ་གཏོང་ཐུབ་ཟེར། ཁོས་སི་རི་ཡཱའི་དཔལ་འབྱོར་གནས་བབ་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་ཅེས་བསྟན། ཕའེ་ཁེ་རུའུ་ཡིས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་གཉིས་གཉིས་ལྔ་བཞི་པའི་གལ་ཆེན་རང་བཞིན་ནན་བཤད་བྱས།
ཉིས་སྟོང་བཅོ་ལྔ་ལོའི་ཟླ་བཅུ་གཉིས་པར། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་གྲོས་ཆོད་གཉིས་གཉིས་ལྔ་བཞི་པར་གྲོས་འཆམ་བྱུང་བ་དང་། གྲོས་ཆོད་དེའི་ནང་སི་རི་ཡཱའི་བདག་དབང་དང་སྒེར་ཚུགས། གཅིག་གྱུར། མངའ་ཁོངས་ཆ་ཚང་བཅས་ལ་བརྩི་འཇོག་བྱེད་པའི་རྨང་གཞིའི་སྟེང་། སི་རི་ཡཱའི་མིར་དབང་བ་དང་སི་རི་ཡཱའི་མིས་གཙོ་ཁྲིད་བྱེད་པའི་རྩ་དོན་ལྟར། སི་རི་ཡཱའི་ཕྱོགས་སོ་སོས་བཟོད་སྒོམ་རང་བཞིན་གྱི་ཆབ་སྲིད་འཕེལ་རིམ་ལ་སྐུལ་འདེད་བཏང་བ་བརྒྱུད་དེ་ཕྱོགས་སོ་སོས་དང་ལེན་བྱེད་ཐུབ་པའི་ཐག་གཅོད་ཇུས་གཞི་འཚོལ་ཞིབ་བྱེད་དགོས་པ་ནན་གྱིས་བསྟན་ཡོད།
ལྷ་མོ་ཚེ་རིང་གིས་བསྒྱུར།