ཧྥིན་ལན་གྱིས་སྔར་ལས་མང་པོའི་ཀྲུང་གོའི་ཡུལ་སྐོར་པ་ཧྥིན་ལན་དུ་ཡོང་བར་དགའ་བསུ་ཞུ་བའི་ཚུལ་བསྟན།
2023.09.11 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 40

ཧྥིན་ལན་རྒྱལ་ཁབ་ཡུལ་སྐོར་ཅུའུ་ཡི་ཏ་ཀྲུང་ཧྭ་མངའ་སྡེའི་སྤྱིའི་ལྟ་སྐུལ་བ་ཝུའུ་ཀྲའོ་ཧུང་གིས་ཉེ་ལམ་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཡིག་ཐོག་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན།  ཀྲུང་གོས་ཧྥིན་ལན་ལ་ཚོགས་པའི་ཡུལ་སྐོར་གྱི་སྒོ་ཡང་བསྐྱར་ཕྱེས་པ་ནི་མི་སེམས་སྒུལ་བའི་བརྡ་འཕྲིན་ཞིག་ཡིན་ལ།   མ་འོངས་པའི་ཟླ་འགའི་ནང་ཀྲུང་གོའི་ཡུལ་སྐོར་ཚོགས་པ་ཧྥིན་ལན་དུ་ཡོང་བར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་ཡིན།

ཝུའུ་ཀྲའོ་ཧུང་གིས་བཤད་རྒྱུར།  ཀྲུང་གོ་ནི་འཛམ་གླིང་གི་དཔལ་འབྱོར་ཕུང་བོ་ཆེན་པོ་གཉིས་པ་ཡིན་པ་དང་།   འཛམ་གླིང་ཡོངས་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཁྲོད་གོ་གནས་གལ་ཆེན་ཟིན་ཡོད།   ང་ཚོས་ཀྲུང་གོ་ནས་ཡོང་བའི་ཡུལ་སྐོར་ཚོགས་པ་མ་འོངས་པའི་ཟླ་འགའི་ནང་ཧྥིན་ལན་དུ་ཡོང་བར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་ཡིན་ཟེར། ཁོས་བསྟན་དོན།  ཧྥིན་ལན་ལ་ཀྲུང་གོའི་ཡུལ་སྐོར་ཁྲོམ་རའི་ཁྲོད་དགའ་བསུ་ཆེན་པོ་ཐོབ་བཞིན་ཡོད་ལ།   ལྷག་པར་དུ་དགུན་དུས་ཡུལ་སྐོར་གྱི་དམིགས་འབེན་ཁུལ་དུ་གྱུར་ཡོད།

ཝུའུ་ཀྲའོ་ཧུང་གིས་བལྟས་ན།   རྒྱལ་ཁབ་གཉིས་ཀྱི་ཡུལ་སྐོར་དང་དམངས་སྤྱོད་མཁའ་འགྲུལ་སོགས་ཕྱོགས་ཀྱི་མཉམ་ལས་དང་མི་གཞུང་བརྗེ་རེས་ཀྱི་མདུན་ལྗོངས་ལ་ཀུན་གྱིས་རེ་སྒུག་བྱེད་རིན་ཡོད།   ཚོགས་པའི་ཡུལ་སྐོར་སླར་གསོ་བྱས་པ་དང་བསྟུན་ནས། ཧྥིན་ལན་དང་ཀྲུང་གོའི་བར་གྱི་ཡུལ་སྐོར་མཉམ་ལས་དེ་སྔར་ལས་གསོན་ཤུགས་ལྡན་པར་གྱུར་ནས་རྒྱལ་ཁབ་གཉིས་ཀྱི་ཡུལ་སྐོར་པར་ཕན་ཚུན་འཚམས་འདྲིའི་གོ་སྐབས་སྔར་ལས་མང་པོ་འདོན་སྤྲོད་བྱེད་ཐུབ་པ་དང་རྒྱལ་ཁབ་གཉིས་བར་གྱི་ཕན་ཚུན་རྒྱུས་ལོན་དང་རིག་གནས་བརྗེ་རེས་ལ་སྐུལ་འདེད་གཏོང་ཐུབ་པར་འདོད།

མཚམས་སྦྱོར་བྱས་པ་ལྟར་ན།  ཀྲུང་གོའི་ཡུལ་སྐོར་པ་སྔར་ལས་མང་པོ་ནང་འགུག་བྱེད་ཆེད།   ཧྥིན་ལན་རྒྱལ་ཁབ་ཡུལ་སྐོར་ཅུའུ་ཡིས་སྤྱི་ཚོགས་འབྲེལ་བའི་སྨྱན་བྱད་བརྒྱུད་དེ་ཧྥིན་ལན་གྱི་ཡུལ་སྐོར་ལྗོངས་ཁུལ་གྱི་མིང་གྲགས་ཆེ་རུ་གཏོང་བ་དང་།   བྱ་འགུལ་དང་འགྲེམ་ཚོགས་སྤེལ་བ་བརྒྱུད་དེ་ཧྥིན་ལན་གྱི་ཡུལ་སྐོར་ལས་དོན་ཁང་དང་ཀྲུང་གོའི་ཡུལ་སྐོར་ཉོ་ཚོང་གྲོགས་པོའི་མཉམ་ལས་ལ་སྐུལ་འདེད་གཏོང་རྩིས་ཡོད།

                                                                                    ལྷ་མོ་ཚེ་རིང་གིས་བསྒྱུར།