རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་གདན་དྲངས་པ་ལྟར། ཁམ་ཕུ་ཀྲེའི་དབུ་བཞུགས་བློན་ཆེན་ཧོང་མཱ་ནེ་ཡིས་ཟླ་དགུ་པའི་ཚེས་བཅུ་བཞི་ཉིན་ནས་ཚེས་བཅུ་དྲུག་ཉིན་བར་ཀྲུང་གོར་དངོས་གཞིའི་འཚམས་འདྲི་གནང་རྒྱུ་རེད། ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་མའོ་ཉིང་གིས་ཚེས་བཅུ་གཅིག་ཉིན་གྱི་རྒྱུན་ལྡན་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱས།
མའོ་ཉིང་གིས་བཤད་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབུ་བཞུགས་བློན་ཆེན་ཧོང་མཱ་ནེ་ལ་མཇལ་འཕྲད་གནང་རྒྱུ་ཡིན་པ་དང་། ཙུང་ལི་ལིས་ཆང་དང་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་གཉིས་ཀྱིས་ཀྱང་སོ་སོར་ཁོ་དང་ཐུག་འཕྲད་བྱས་ནས་གྲོས་མོལ་བྱེད་རྒྱུ་རེད།
ཐེངས་འདིའི་འཚམས་འདྲི་ནི་ཧོང་མཱ་ནེ་ཡིས་དབུ་བཞུགས་བློན་ཆེན་གྱི་འགན་ཁུར་རྗེས་ཀྱི་དངོས་གཞིའི་འཚམས་འདྲི་ཐོག་མ་ཡིན་ལ། དེས་ཁམ་ཕུ་ཀྲེའི་སྐབས་གསར་པའི་སྲིད་གཞུང་གིས་ཀྲུང་གོ་དང་ཁམ་ཕུ་ཀྲེའི་འབྲེལ་བ་འཕེལ་རྒྱས་གཏོང་བར་ཚད་མཐོའི་མཐོང་ཆེན་བྱེད་བཞིན་པ་མཚོན། མའོ་ཉིང་གིས་བཤད་རྒྱུར། ད་ལོ་ནི་ཀྲུང་གོ་དང་ཁམ་ཕུ་ཀྲེའི་བར་འབྲེལ་བ་བཙུགས་ནས་ལོ་རེ་ལྔ་འཁོར་བའི་ལོ་དང་ཀྲུང་གོ་དང་ཁམ་ཕུ་ཀྲེའི་མཛའ་བརྩེའི་ལོར་འཁེལ་ཡོད་ལ། ཀྲུང་གོ་ཕྱོགས་ཀྱིས་ཐེངས་འདིའི་འཚམས་འདྲི་བརྒྱུད་དེ་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་ཀྲུང་གོ་དང་ཁམ་ཕུ་ཀྲེའི་བར་གྱི་ཕྱོགས་ཡོངས་འཐབ་ཇུས་མཉམ་ལས་ལ་ཇུས་འགོད་བྱེད་པར་རེ་སྒུག་བྱས་ཡོད་པ་དང་། ལྷག་པར་དུ་བཟོ་ལས་འཕེལ་རྒྱས་བར་ཁྱམས་སོགས་ཀྱི་མཉམ་ལས་གྲོས་གཞི་མྱུར་དུ་དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་བཏང་སྟེ་སྤུས་ཚད་མཐོན་པོ་དང་ཆུ་ཚད་མཐོན་པོ། ཚད་གཞི་མཐོན་པོའི་དུས་རབས་གསར་པའི་ཀྲུང་གོ་དང་ཁམ་ཕུ་ཀྲེའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་རེ་སྒུག་བྱས་ཡོད།
ལྷ་མོ་ཚེ་རིང་གིས་བསྒྱུར།