ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་བཅུ་གཉིས་ཉིན་ཧྥུའུ་ལ་ཏི་ཝོ་སི་ཐའོ་ཁུ་ནས་གདན་ཞུས་ལྟར་ཤར་ཕྱོགས་དཔལ་འབྱོར་གླེང་སྟེགས་སྐབས་བརྒྱད་པར་ཞུགས་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་གོ་ཆིན་ལ་ཐུག་འཕྲད་བྱས།
ཕུའུ་ཅིན་གྱིས་ཀྲང་གོ་ཆིན་ལ་ཀྲུའུ་ཞི་ཞི་ཅིན་ཕིང་གི་བརྩེ་བའི་འཚམས་འདྲི་བརྒྱུད་སྒྲོག་བྱེད་རྒྱུའི་རེ་ཞུ་བྱས་པ་དང་། ཀྲུང་གོ་ཕྱོགས་ཀྱིས་མཐོ་རིམ་འཐུས་ཚབ་ཚོགས་པ་ཨུ་རུ་སིར་ཤར་ཕྱོགས་དཔལ་འབྱོར་གླེང་སྟེགས་ལ་ཞུགས་པར་མངགས་པར་བཀའ་དྲིན་ཞུས། ཕུའུ་ཅིན་གྱིས་བསྟན་དོན། ཨ་རུ་སི་དང་ཀྲུང་གོ་གཉིས་ཀྱི་ཐུན་མོང་འབད་བརྩོན་འོག་ཏུ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ལོ་རྒྱུས་ཀྱི་ཆེས་བཟང་བའི་དུས་སྐབས་སུ་སླེབས་པ་དང་དཔལ་འབྱོར་ཉོ་ཚོང་སོགས་ཁྱབ་ཁོངས་སོ་སོའི་མཉམ་ལས་བདེ་བླག་ངང་འཕེལ་རྒྱས་སུ་སོང་། རྒྱལ་ཁབ་གཉིས་ཀྱི་ས་གནས་མཉམ་ལས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པ་དང་། རྒྱང་ཤར་གསར་སྤེལ་དེ་ཨུ་རུ་སི་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ཀྱི་འཕར་གཞི་གསར་བ་ཞིན་ཏུ་གྱུར་ཡོད། ཨུ་རུ་སི་ཕྱོགས་ཕྱོགས་གཉིས་ཀྱི་འབྲེལ་བ་དང་ཁྱབ་ཁོངས་སོ་སོའི་མཉམ་ལས་ཀྱི་འཕེལ་རྒྱས་མདུན་ལྗོངས་ལ་ཡིད་ཆེས་ཀྱིས་ཁེངས་ཡོད།
ཀྲང་གོ་ཆིན་གྱིས་ཐོག་མར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ཐུང་ཕུའུ་ཅིན་ལ་བརྩེ་བའི་འཚམས་འདྲི་བྱས་པ་བརྒྱུད་སྒྲོག་བྱས་པ་དང་། ཤར་ཕྱོགས་དཔལ་འབྱོར་གླེང་སྟེགས་སྐབས་བརྒྱད་པ་བསྡུས་པར་རྟེན་འབྲེལ་ཞུས། ཀྲང་གོ་ཆིན་གྱིས་བསྟན་དོན། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བའི་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་བོ་བསྟན་པས། ཀྲུང་གོ་དང་ཨུ་རུ་སིའི་དུས་རབས་གསར་བའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ལས་འབྲེལ་བ་ཆུ་ཚད་མཐོ་བའི་སྒོ་ནས་འཁོར་སྐྱོད་བྱེད་བཞིན་ཡོད་ལ། ཁྱབ་ཁོངས་སོ་སོའི་མཉམ་ལས་ཀྱི་འཕེལ་རྒྱས་གནས་བབ་ཅུང་བཟང་། ད་ལོའི་ཟླ་གསུམ་པར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨུ་རུ་སི་ལ་འཚམས་འདྲི་བྱས་ཏེ་གྲུབ་འབྲས་གཡུར་དུ་ཟ་བ་བླངས། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སི་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱས་ཏེ་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱེད་པ་དང་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ། ཁུལ་ཁོངས་འཕེལ་རྒྱས་འཐབ་ཇུས་རོགས་ལས་སྦྲེལ་མཐུད་ལ་ཤུགས་སྣོན་པ། རྒྱལ་ཁབ་གཉིས་ཀྱི་ས་གནས་མཉམ་ལས་ནང་རྐྱེན་གྱི་བྱེད་ནུས་འདོན་སྤེལ་གཏོང་བ་བཅས་བྱས་ཏེ་ཀྲུང་གོ་དང་ཨུ་རུ་སིའི་མཉམ་ལས་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་འགྲོ་བ་དང་གྲུབ་འབྲས་གསར་བ་ལེན་པར་སྐུལ་འདེད་གཏོང་འདོད་ཡོད།
ཨུ་རུ་སིར་སྡོད་པའི་སྐབས་སུ། ཀྲང་གོ་ཆིན་ཤར་ཕྱོགས་དཔལ་འབྱོར་གླེང་སྟེགས་སྐབས་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་པ་དང་། ཨུ་ར་སིའི་ཙུང་ལི་གཞོན་པའི་ཞོར་དུ་བཟོ་ལས་དང་ཚོང་དོན་པུའུ་ཡི་པུའུ་ཀྲང་གི་འགན་ཁུར་མཁན་མན་ཐུའུ་ལའོ་ཧྥུའུ་དང་མཚོ་འགྲམ་མཐའ་མཚམས་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་ཁུ་རེ་མིས་ཡ་ཁུ་ལ་ཐུག་འཕྲད་བྱས།
ལྷ་མོ་ཚེ་རིང་གིས་བསྒྱུར།