ཀྲུང་གོ་དང་ལ་ཏེན་མེ་གླིང་གི་དཔལ་ཡོན་གྲོས་མོལ་གླེང་སྟེགས་སྐབས་དྲུག་པ་ཨ་ཀིན་ཐེན་དུ་སྤེལ།
2023.09.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 12

ཀྲུང་གོ་དང་ལ་ཏེན་མེ་གླིང་གི་དཔལ་ཡོན་གྲོས་མོལ་གླེང་སྟེགས་སྐབས་དྲུག་པ་ཨ་ཀིན་ཐིན་གྱི་རྒྱལ་ས་པུའུ་དབྱི་ནོ་སི་ཨེ་ལེ་སི་རུ་བསྡུས་པ་དང་།  ཀྲུང་གོ་དང་ཨ་ཀིན་ཐེན། དེ་མིན་ལ་ཏེན་མེ་གླིང་གི་རྒྱལ་ཁབ་ནས་ཡོང་བའི་སྲིད་གཞུང་གི་དཔོན་རིགས་དང་ཆེད་མཁས་པ།  སྨྱན་བྱད།  བཟོ་ཚོང་ལས་རིགས་ཀྱི་མི་སྣ་སོགས་མི་བརྒྱ་ལྷག་གླེང་སྟེགས་ལ་ཞུགས།

སྐབས་འདིའི་གླེང་སྟེགས་ཀྱིས་འཛམ་གླིང་དཔལ་ཡོན་གྲོས་འགོ་མཉམ་དུ་ལག་བསྟར་བྱས་ནས་སྟོབས་ཤུགས་གཅིག་བསྡུས་ཀྱིས་ཀྲུང་གོ་དང་ལ་ཏེན་མེ་གླིང་གི་ལས་སྐལ་ཐུན་མོང་ཚོགས་པ་བསྐྲུན་དགོས་ཞེས་པ་བརྗོད་དོན་དུ་བྱས་ཡོད་པ་དང་།  དེའི་དམིགས་འབེན་ནི་འདྲ་མཉམ་དང་གཉིས་ཕན། གསར་སྐྲུན།  སྒོ་འབྱེད།  དམངས་ཕན་བཅས་ཀྱི་དུས་རབས་གསར་བའི་ཀྲུང་གོ་དང་ལ་ཏེན་མེ་གླིང་གི་འབྲེལ་བ་གཏན་འཇགས་སྒོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཆེད་རིག་སྟོབས་འབུལ་རྒྱུ་དེ་རེད།

ཀྲུང་གོའི་ཕྱི་ཡིག་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ལིའུ་ཏ་ཝེ་ཡིས་འགོ་རྩོམ་མཛད་སྒོའི་སྟེང་ཞུ་ཚིག་འབུལ་སྐབས་བསྟན་དོན།   ཀྲུང་གོ་དང་ལ་ཏེན་མེ་གླིང་ལ་རྒྱ་ཆེ་ཞིང་གཏིང་ཟབ་པའི་གནའ་བོའི་དཔལ་ཡོན་ཡོད་པ་དང་།  ཀྲུང་གོ་དང་ལ་ཏེན་མེ་གླིང་གི་དཔལ་ཡོན་གྱི་ཐུན་མོང་རང་བཞིན་གྱིས་ཀྲུང་གོ་དང་ལ་ཏེན་མེ་གླིང་གི་དཔལ་ཡོན་གྲོས་མོལ་གྱི་རྨང་གཞི་བརྟན་པོ་གྲུབ་པར་བྱས།   ཕྱོགས་གཉིས་ཀྱིས་འཛམ་གླིང་དཔལ་ཡོན་གྲོས་འགོ་མཉམ་དུ་ལག་བསྟར་བྱེད་པ་དང་།   དཔལ་ཡོན་དང་བཟོད་སྒོམ།  ཕན་ཚུན་དཔྱད་གཞིར་འཛིན་རྒྱུ་དར་སྤེལ་བཏང་སྟེ་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཉམ་ལས་ཀྱི་དཔེ་གཞི་བསྐྲུན་འོས་པ་དང་།   དེང་རབས་ཅན་འཛུགས་སྐྲུན་གྱི་ཉམས་མྱོང་མཉམ་སྤྱོད་བྱས་ཏེ་ཀྲུང་གོ་དང་ལ་ཏེན་མེ་གླིང་གི་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་བྱེད་འོས་ལ།  མི་གཞུང་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ་དམངས་སེམས་གཅིག་སྒྲིལ་གྱི་འབྲེལ་ཐག་ཇེ་དམ་དུ་གཏོང་འོས།   ཀྲུང་གོ་ཕྱི་ཡིག་ཅུའུ་ཡིས་གླེང་སྟེགས་ཀྱི་འབྲེལ་ཟམ་ལྟ་བུའི་བྱེད་ནུས་འདོན་སྤེལ་བཟང་བོ་བྱས་ཏེ་ལ་ཏེན་མེ་གླིང་དང་ཅ་ལི་པེ་རྒྱལ་ཁབ་ཀྱི་ཁྱབ་ཁོངས་སོ་སོའི་མཛས་བརྩེའི་བརྗེ་རེས་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སྤེལ་དགོས།

ཅང་སུའུ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཝེ་ཀའོ་ཆང་གིས་བསྟན་དོན།  ཀྲུང་གོ་དང་ལ་ཏེན་མེ་གླིང་གིས་དཔལ་ཡོན་གྲོས་མོལ་གླེང་སྟེགས་ལ་བརྟེན་ནས་ཅང་སུའུ་ཡིས་ཀྲུང་གོ་དང་ལ་ཏེན་མེ་གླིང་གི་ས་གནས་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་བ་དང་།  ཕན་ཚུན་བར་དཔལ་ཡོན་ཉམས་མྱོང་དཔྱད་གཞིར་འཛིན་པ་དང་དཔལ་ཡོན་གྲུབ་འབྲས་མཉམ་སྤྱོད་ཀྱི་ངོ་མཚར་ལེའུ་མང་པོར་འབྲི་ངེས།

ཨ་ཀིན་ཐེན་རྒྱལ་སྤྱིའི་འབྲེལ་བའི་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཁཱ་ལའོ་ལཱ་ལ་མིན་གྱིས་བསྟན་དོན།  ཐེངས་འདིའི་ཀྲུང་གོ་དང་ལ་ཏེན་མེ་གླིང་གི་དཔལ་ཡོན་གྲོས་མོལ་གླེང་སྟེགས་ཨ་ཀིན་ཐེན་དུ་སྤེལ་བ་དང་།   རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་དང་དམངས་ཁྲོད་ཀྱི་ཁྱབ་ཁོངས་སོ་སོ་དང་རིམ་པ་སོ་སོས་གྲོས་མོལ་བརྗེ་རེས་བྱས་པ་དེས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཕན་འབྲས་དངོས་སྟེར་ཐུབ་ཟེར།

ཀྲུང་གོ་དང་ལ་ཏེན་མེ་གླིང་གི་དཔལ་ཡོན་གྲོས་མོལ་གླེང་སྟེགས་ནི་ཀྲུང་གོ་དང་ལ་ཏེན་མེ་གླིང་གི་ས་ཁུལ་བར་གྱི་ཐུན་མོང་གྲོས་མོལ་གླེང་སྟེགས་གལ་ཆེན་ཞིག་ཡིན་པ་དང་། སྐབས་ལྔ་པའི་བར་དུ་ཀྲུང་གོ་ནས་སྤེལ་བ་རེད།

                                                                                                 ལྷ་མོ་ཚེ་རིང་གིས་བསྒྱུར།