ཁུ་ཝེ་ཐིའི་འཕྲོད་བསྟེན་བློན་ཆེན་ཨེ་ཧ་མེ་ཏི་ཨ་ཝ་ཏི་ཡིས་ཚེས་བཅུ་གཅིག་ཉིན་བསྟན་དོན། ཀྲུང་གོའི་ཁུ་ཝེ་ཐིར་རོགས་སྐྱོར་བྱེད་པའི་སྨན་བཅོས་རུ་ཁག་གིས་ཁུ་ཝེ་ཐིའི་ནད་པར་ཆེད་ལས་རང་བཞིན་གྱི་སྨན་བཅོས་ཞབས་ཞུ་འདོན་སྤྲོད་བྱས་ལ། རྒྱལ་ཁབ་གཉིས་ཀྱི་སྨན་བཅོས་འཕྲོད་བསྟེན་མཉམ་ལས་ལ་སྔར་ལས་ཤུགས་བསྣན་ནས་ཁུ་ཝེ་ཐིའི་རྒྱལ་ནང་གི་འཕྲོད་བསྟེན་མ་ལག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་རེ་སྒུག་བྱས་ཡོད་ཟེར།
ཀྲུང་གོའི་ཕྱི་རྒྱལ་ལ་རོགས་སྐྱོར་བྱེད་པའི་སྨན་བཅོས་རུ་ཁག་མངགས་ནས་ལོ་དྲུག་ཅུ་ལོན་པ་དང་ཀྲུང་གོའི་ཁུ་ཝེ་ཐིར་རོགས་སྐྱོར་བྱེད་པའི་རུ་ཁག་མངགས་ནས་ལོ་ཞེ་བདུན་ལོན་པའི་རྗེས་དྲན་མཛད་སྒོ་ཉིན་དེར་ཁུ་ཝེ་ཐིའི་མུའུ་པ་ལ་ཁི་ཆེན་པོ་ཞིང་ཆེན་དུ་བསྡུས། ཀྲུང་གོའི་ཁུ་ཝེ་ཐར་རོགས་སྐྱོར་བྱེད་པའི་སྨན་བཅོས་རུ་ཁག་སྐོར་ཁག་བཅོ་ལྔ་པའི་རུ་གཙོ་དང་ཁུ་ཝེ་ཐིའི་སྲིད་གཞུང་གི་དཔོན་རིགས། ཀྲུང་གོའི་ཁུ་ཝེ་ཐིར་སྡོད་པའི་གཞུང་ཚབ་ཁང་སོགས་ཀྱི་འཐུས་ཚབ་མཛད་སྒོར་ཞུགས།
ཨེ་ཧ་མེ་ཏི་ཨ་ཝ་ཏི་ཡིས་མཛད་སྒོའི་སྟེང་། ཀྲུང་གོའི་སྨན་བཅོས་རུ་ཁག་ཁུ་ཝེ་ཐིར་སྡོད་པའི་རིང་གི་བྱ་བར་ཁས་ལེན་གང་ལེགས་བྱས། ཁོས་བཤད་རྒྱུར། ཀྲུང་གོའི་སྨན་བཅོས་རུ་ཁག་གིས་ཁུ་ཝེ་ཐིའི་ནད་པ་རྣམས་ལ་ཆེད་ལས་ཀྱི་སྨན་བཅོས་ཞབས་ཞུ་འདོན་སྤྲོད་བྱས་པ་དང་། ཀྲུང་གོས་ཁུ་ཝེ་ཐི་ལ་སྨན་བཅོས་རུ་ཁག་མངགས་གཏོང་བྱས་པ་ནི་རྒྱལ་ཁབ་གཉིས་ཀྱིས་འཕྲོད་བསྟེན་ཁྱབ་ཁོངས་སུ་ནུས་ལྡན་དང་དངོས་གཉེར་གྱི་མཉམ་ལས་བྱེད་པའི་དཔེ་མཚོན་ཡིན་ཟེར།
ཅི་ལིན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་འཐུས་མིས་མཛད་སྒོའི་སྟེང་བཤད་རྒྱུར། ཀྲུང་གོས་ཆིག་སྟོང་དགུ་བརྒྱ་དོན་དྲུག་ལོར་ཁུ་ཝེ་ཐི་ལ་སྐོར་དང་པོའི་སྨན་བཅོས་རུ་ཁག་མངགས་གཏོང་བྱས་པ་དང་། ལོ་ཞེ་བདུན་གྱི་རིང་ལ། ཀྲུང་གོ་ཕྱོགས་ཀྱིས་བསྡོམས་པས་ཁུ་ཝེ་ཐི་ལ་སྨན་བཅོས་མི་སྣ་མི་ཐེངས་སུམ་བརྒྱ་ལྷག་མངགས་ཏེ་ས་གནས་མི་དམངས་ས་ཡ་གཅིག་ལྷག་ལ་སྨན་བཅོས་ཞབས་ཞུ་འདོན་སྤྲོད་བྱས། སྐོར་དང་སྐོར་བྱས་པའི་ཀྲུང་གོའི་ཁུ་ཝེ་ཐིར་རོགས་སྐྱོར་བྱེད་པའི་སྨན་བཅོས་རུ་ཁག་གིས་ཀྲུང་གོ་དང་ཁུ་ཝེ་ཐི་རྒྱལ་ཁབ་གཉིས་བར་གྱི་མཛའ་བརྩེ་བཟང་བོ་བརྒྱུད་སྒྲོག་བྱས་ཟེར།
ཀྲུང་གོའི་ཁུ་ཝེ་ཐིར་སྡོད་པའི་ཆེད་བསྐོས་གཞུང་ཚབ་ཆེན་མོ་ཀྲང་ཅན་ཝེ་ཡིས་མཛད་སྒོའི་སྟེང་བཤད་རྒྱུར། ཁུ་ཝེ་ཐིར་རོགས་སྐྱོར་བྱེད་པའི་སྨན་བཅོས་རུ་ཁག་གི་སྨན་པ་རྣམས་ཀྱི་སྨན་བཅོས་ལག་རྩལ་བཟང་ཞིང་བརྩེ་སེམས་ལྡན་པས་ནད་པ་རྣམས་ཀྱི་གཟེངས་བསྟོད་ཆེན་པོ་ཐོབ་པ་དང་། ཁོ་ཚོས་འགུལ་སྤྱོད་དངོས་ལ་བརྟེན་ནས་ཀྲུང་ཨའི་རྩེ་ཚོགས་སྟེང་བཏོན་པའི་འཕྲོད་བསྟེན་བདེ་ཐང་གི་ཐུན་མོང་འགུལ་སྐྱོད་ལག་བསྟར་བྱེད་བཞིན་ཡོད། ཀྲུང་གོ་སྲིད་གཞུང་གིས་མི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གི་ཐུན་མོང་ཚོགས་པ་འཛུགས་པར་མུ་མཐུད་དུ་སྐུལ་འདེད་གཏོང་ངེས་ཡིན་ཟེར།
ལྷ་མོ་ཚེ་རིང་གིས་བསྒྱུར།