ཀྲུང་གོ་ཕྱོགས་ཀྱིས་གྲོས་མོལ་ནི་ཝུའུ་ཁི་ལན་གྱི་ཞི་བདེ་སླར་གསོ་བྱེད་པའི་རྩ་བའི་ཐབས་ལམ་ཡིན་ཞེས་བསྟན།
2023.09.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

ཀྲུང་གོའི་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་འཐུས་ཚབ་གཞོན་པ་ཀུན་ཧྲོང་གིས་ཚེས་བཅུ་གཉིས་ཉིན་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཝུའུ་ཁི་ལན་ལ་མཚོན་ཆ་འདོན་སྤྲོད་བྱེད་པའི་གནད་དོན་ལ་གྲོས་ཞིབ་བྱེད་སྐབས་བསྟན་དོན།   གྲོས་མོལ་ནི་ཝུའུ་ཁུ་ལན་གྱིས་ཞི་བདེ་སླར་གསོ་བྱེད་པའི་རྩ་བའི་ཐབས་ལམ་ཡིན་ཟེར།

ཀུན་ཧྲོང་གིས་བཤད་རྒྱུར།   ཝུའུ་ཁི་ལན་གྱི་ཉམས་ཉེན་ད་བར་རུ་རྒྱུན་བསྲིང་བ་དང་།  རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འཁྲུག་རྩོད་སྔ་མོ་ནས་མཚམས་འཇོག་པར་རེ་སྒུག་བྱས་ཡོད་ལ།   རྒྱལ་ཁབ་སྔར་ལས་མང་བོས་ཞི་བདེའི་གྲོས་འགོ་བཏོན་ཡང་།   མཚོན་ཆ་མང་བོ་སྔར་བཞིན་འཐབ་རར་འདྲེན་བཞིན་ཡོད་པར་མ་ཟད།   མཚོན་ཆའི་རིགས་སྣ་དང་ཤུགས་ཚད་ཇེ་དྲག་ཏུ་སོང་ནས།   ས་ངོས་དམག་འཁྲུག་རིམ་སྤོར་བྱེད་བཞིན་ཡོད་ལ།  ཤི་རྨས་ཐེབས་པའི་མི་སེར་དཀྱུས་མའི་ཁ་གྲངས་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་།  གནས་བབ་ཛ་དྲག་ཏུ་གྱུར་ཡོད།  དེ་སྔའི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཞིབ་ཁྲོད་དུ།  ཀྲུང་གོའི་ཕྱོགས་ཀྱིས་ཐེངས་མང་བོར་དེའི་ཐད་སེམས་ཁུར་བྱེད་པའི་ཚུལ་བསྟན་མྱོང་ཟེར།

ཀུན་ཧྲོང་གིས་བསྟན་དོན།   དམག་དོན་འཁྲུག་རྩོད་ནི་ཝུའུ་ཁི་ལན་གྱི་ཉམས་ཉེན་ཐག་གཅོད་པའི་བྱེད་ཐབས་མིན་པར།   གྲོས་མོལ་ནི་ཞི་བདེ་སླར་གསོ་བྱེད་པའི་རྩ་བའི་ཐབས་ལམ་ཡིན།   ཀྲུང་གོ་ཕྱོགས་ཀྱིས་འབྲེལ་ཡོད་ཕྱོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རེ་སྒུག་དང་འབོད་སྐུལ་ལ་ལན་འདེབས་པ་དང་།  བབ་བརླིང་བཟོད་སྒོམ་སྲུང་འཛིན་བྱེད་པ།   ཐུན་མོང་གི་ངོས་འཛིན་འཚོལ་ཞིབ་བྱས་ཏེ་གནས་བབ་ཛ་དྲག་ཏུ་འགྲོ་བ་སྔོན་འགོག་བྱེད་དགོས།

ཀུན་ཧྲོང་གིས་བཤད་རྒྱུར།  ཀྲུང་གོ་ཕྱོགས་ཀྱིས་འབྲེལ་ཡོད་ཕྱོགས་སོ་སོ་དང་མཉམ་དུ་གྲོས་མོལ་འབྲེལ་འདྲིས་ལ་ཤུགས་བསྣན་ནས་ཝུའུ་ཁི་ལན་གྱི་ཉམས་ཉེན་ཆབ་སྲིད་ལ་བརྟེན་ནས་ཐག་གཅོད་པར་སྐུལ་འདེད་གཏོང་ཆེད་འཛུགས་སྐྲུན་རང་བཞིན་གྱི་བྱེད་ནུས་འདོན་འདོད་ཡོད།

                                                                                                         ལྷ་མོ་ཚེ་རིང་གིས་བསྒྱུར།