ཆི་པའེ་ཧྲིའི་སྒྱུ་རྩལ་གྱི་ཟླ་མཆོད་དམིགས་བསལ་འགྲེམ་སྟོན་ཚེས་བཅུ་གཉིས་ཉིན་སུའེ་ཙེར་གྱི་སི་ཏུ་ཀི་ཨར་མོ་ནས་བསྡུས།
2023.09.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

ཆི་པའེ་ཧྲིའི་སྒྱུ་རྩལ་གྱི་ཟླ་མཆོད་དམིགས་བསལ་འགྲེམ་སྟོན་ཚེས་བཅུ་གཉིས་ཉིན་སུའེ་ཙེར་གྱི་སི་ཏུ་ཀི་ཨར་མོ་ཀྲུང་གོའི་རིག་གནས་ལྟེ་གནས་ནས་སྤེལ་འགོ་བརྩམས།

ངོ་སྤྲོད་བྱས་པ་ལྟར་ན།  ཐེངས་འདིའི་འགྲེམ་སྟོན་ནི་སི་ཏུ་ཀི་ཨར་མོ་ཀྲུང་གོའི་རིག་གནས་ལྟེ་གནས་དང་པེ་ཅིན་རི་མོ་ཁང་།  ཀྲུང་གོ་ཕྱི་ཕྱོགས་སྒྱུ་རྩལ་འགྲེམ་སྟོན་ཚད་ཡོད་ཀུང་ཟི་བཅས་ཀྱིས་གཙོ་སྒྲུབ་བྱས་པ་རེད།  འགྲེམ་སྟོན་གྱིས་མཛེས་སྡུག་ཕུན་སུམ་ཚོགས་པ་ཞེས་པ་བརྗོད་དོན་དུ་བྱས་ཡོད་ལ།  ཡུལ་དངོས་སུ་སྨྱུག་ཡོལ་དང་རྒྱུད་མངས་སྒྲོག་ཙེ་སོགས་ཀྱིས་ཤར་ཕྱོགས་ཀྱི་མཛེས་རིག་དང་ཀྲུང་གོའི་ཡིད་སྣང་གི་འགྲེམ་སྟོན་བར་སྟོང་བསྐྲུན་ཡོད།   ལྟད་མོ་པ་རྣམས་ཀྱིས་བརྩམས་ཆོས་ལ་རོལ་མྱོང་བྱེད་པའི་དུས་མཚམས་སུ།   ཆི་པའེ་ཧྲིའི་རི་མོ་ཁང་ལ་ཉམས་ཞིབ་བྱེད་ཆོག་པ་དང་།   གསར་རྩོམ་གོ་རིམ་ལ་ལྟ་ཞིབ་བྱས་ཆོག་ཅིང་།  སྲོལ་རྒྱུན་གྱི་ཀྲུང་གོའི་རི་མོ་གསར་རྩོམ་གྱི་ཡོ་བྱད་བཀོལ་ནས་རི་མོ་འབྲི་བའི་ལག་རྩལ་དང་མཛེས་དཔྱོད་ཀྱི་སྤྲོ་བ་མྱོང་རོལ་བྱས་ཆོག་པར་མ་ཟད།   གློག་རྡུལ་བརྙན་རིས་སྟེང་ཀྲུང་གོའི་ཡིག་རིས་བརྩམས་ཆོས་གསར་རྩོམ་བྱས་ཆོག

པེ་ཅིང་རི་མོ་ཁང་གི་འགོ་གཙོ་ཝུའུ་ཧུང་ལེང་གིས་འགོ་རྩོམ་མཛད་སྒོའི་སྟེང་ཆི་པའེ་ཧྲིའི་སྙན་ངག་དང་དཔེ་ཆ།  རི་མོ་སོགས་ཐད་འགྲེལ་བཤད་ཟབ་མོ་བྱས་པ་དང་།  ཐུན་མོང་མ་ཡིན་པའི་སྒྱུ་རྩལ་བརྩམས་ཆོས་ཀྱིས་སུའེ་ཙེར་གྱི་ལྟད་མོ་པ་རྣམས་ཀྱི་མིག་དབང་འཕྲོག   ཝུའུ་ཧུང་ལེང་གིས་གསར་འགོད་པར་བཤད་རྒྱུར།   སུའེ་ཙེར་གྱི་གྲོགས་པོ་སྔར་ལས་མང་བོས་ཐེངས་འདིའི་འགྲེམ་སྟོན་བརྒྱུད་དེ་ཆི་པའེ་ཧྲིའི་སྒྱུ་རྩལ་ལ་རོལ་མྱོང་བྱས་ནས་ཀྲུང་གོའི་སྲོལ་རྒྱུན་རིག་གནས་ཀྱི་འགུག་ཤུགས་ཚོར་ཐུབ་པར་རེ་བཞིན་ཡོད།   ཡུལ་དངོས་ཀྱི་སྐུ་མགྲོན་རྣམས་ཀྱིས་ལང་ལོང་གིས་བསྟན་དོན།   འགྲེམ་སྟོན་གྱིས་སུའེ་ཙེར་མི་དམངས་ཀྱིས་ཀྲུང་གོའི་རིག་གནས་ཀྱི་ངོས་ཟིན་དང་རྒྱུས་ལོན་ཇེ་ཟབ་ཏུ་གཏོང་ཐུབ་པར་མ་ཟད་།   རྒྱལ་སྤྱིའི་སྒྱུ་རྩལ་རིག་གནས་བརྗེ་རེས་ལ་སྐུལ་འདེད་གཏོང་བར་ཕན་ཐོགས་ཡོད་ཟེར།

ཐེངས་འདིའི་འགྲེམ་སྟོན་ཟླ་བཅུ་པའི་ཚེས་ཉེར་བདུན་ཉིན་བར་རྒྱུན་བསྲིང་རྒྱུ་ཡིན་པ་དང་།  འགྲེམ་སྟོན་སྐབས་སུ་ད་རུང་ཆི་པའེ་ཧྲིའི་སྒྱུ་རྩལ་དང་འབྲེལ་བ་ཡོད་པའི་འཆད་ཁྲིད་དང་ཉམས་ཞིབ་བྱ་འགུལ་མང་བོ་སྤེལ་རྒྱུ་རེད།

                                                                                                             ལྷ་མོ་ཚེ་རིང་གིས་བསྒྱུར།