ལེ་པ་ནུན་དུ་སོང་ནས་ཞི་བདེར་སྲུང་སྐྱོབ་བྱེད་པའི་ཀྲུང་གོའི་སྐོར་ཉེར་གཅིག་པའི་ནུས་མང་བཟོ་སྐྲུན་དམག་ཡན་ལག་རུ་ཁག་དང་བཟོ་བཀོད་བཟོ་སྐྲུན་དམག་ཡན་ལག་རུ་ཁག་གིས་ཚེས་བཅུ་གཉིས་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དུས་ཚིགས་གསུམ་པའི་སྒྲིག་ཆས་ཞིབ་བཤེར་བདེ་བླག་ངང་ཡོངས་འགྲུབ་བྱས་པ་དང་། སྒྲིག་ཆས་རྒྱུ་ཆ་ཡོད་ཚད་མཉམ་འབྲེལ་མཉམ་རྒྱལ་ཚོགས་ཀྱིས་གཏན་འཁེལ་བྱས་པའི་ཚད་གཞི་དང་མཐུན།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལེ་པ་ནུན་དུ་སྡོད་པའི་གནས་སྐབས་དམག་དཔུང་གི་དམག་སྤྱི་པུའུ་ཡིས་མངགས་པའི་ཞིབ་བཤེར་ཚན་ཆུང་སྔ་གཞུག་ཏུ་ལེ་པ་ནུན་གྱི་ལྷོ་ཕྱོགས་སུ་ཡོད་པའི་ཞི་བདེར་སྲུང་སྐྱོབ་བྱེད་པའི་ཀྲུང་གོའི་ནུས་མང་བཟོ་སྐྲུན་དམག་ཡན་ལག་རུ་ཁག་དང་བཟོ་བཀོད་བཟོ་སྐྲུན་དམག་ཡན་ལག་རུ་ཁག་གི་སྒར་སར་སོང་ནས། སྙན་ཞུ་ལ་ཉན་པ་དང་ཡུལ་དངོས་ཞིབ་བཤེར། ཡུལ་དངོས་ལག་ལེན་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་མཚོན་ཆའི་སྒྲིག་ཆས་དང་འཕྲུལ་ཆས་རླངས་འཁོར། འཕྲིན་གཏོང་། གཞུང་སྒྲུབ། སྡོད་ཁང་སོགས་སྒྲིག་ཆས་གཙོ་བོ་དང་རང་ཉིད་སྲུང་སྐྱོབ་སྒྲིག་ཆས་ལ་ཞིབ་བཤེར་ནན་མོ་བྱས།
ཞིབ་བཤེར་ཚན་ཆུང་གི་ཚན་གཙོ་ཨོ་ལིས་ཁ་ཡིས་སྤྱི་སྡོམ་ཕྱིར་ལྡོག་གྲོས་ཚོགས་སྟེང་བཤད་རྒྱུར། ཀྲུང་གོའི་ཞི་བདེ་སྲུང་སྐྱོབ་དམག་དཔུང་གི་སྒྲིག་ཆས་ཆ་ཚང་ཡིན་པ་དང་བྱེད་ནུས་བཟང་ལ། རིགས་བགར་དབྱེ་སྒྲིག་བྱས་པ་ཧ་ཅང་བཟང་བར་མ་ཟད། ཆེད་ལས་བྱང་ཚད་མཐོན་པོ་མངོན་ཡོད་ཟེར།
སྒྲིག་ཆས་ཞིབ་བཤེར་དེ་སྤྱིར་བཏང་དུ་དུས་ཚིགས་རེར་ཐེངས་རེ་སྤེལ་བཞིན་ཡོད་ལ། དེ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དམག་ཕྱིར་གཏོང་རྒྱལ་ཁབ་ཀྱིས་འདོན་སྤྲོད་བྱས་པའི་སྒྲིག་ཆས་དང་སྒྲིག་བཀོད་ལ་ཕྱོགས་བསྡུས་རང་བཞིན་གྱིས་གདེང་འཇོག་བྱེད་པ་ཡིན་ལ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དམག་ཕྱིར་གཏོང་རྒྱལ་ཁབ་ལ་དཔལ་འབྱོར་ཁ་གསབ་བྱེད་པའི་གཞི་འཛིན་ས་གལ་ཆེན་ཞིག་ཀྱང་ཡིན།
ན་ནིང་གི་ཟླ་བརྒྱད་པར་བཀོད་སྒྲིག་བྱས་ནས་ལས་འགན་ཁུལ་དུ་སོང་བའི་ཚུན་ལ། ལེ་པ་ནུན་དུ་སོང་ནས་ཞི་བདེར་སྲུང་སྐྱོབ་བྱེད་པའི་ཀྲུང་གོའི་དམག་དཔུང་གིས་ས་འོག་འགད་རྫས་ཉིས་སྟོང་ལྷག་མེད་པར་བཟོས་པ་དང་། ཨར་ལས་ལས་འགན་བརྒྱ་དང་ཉི་ཤུ་བདེ་བླག་ངང་ཡོངས་འགྲུབ་བྱས་ལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་སྣ་དང་ས་གནས་མི་དམངས་མི་ཐེངས་བཞི་སྟོང་ལྷག་ལ་སྨན་བཅོས་བྱས་པར་མ་ཟད། འགད་རྫས་མེད་པར་བཟོ་སྐབས་ཤི་རྨས་གཅིག་ཀྱང་མ་བྱུང་བ་དང་ཨར་ལས་བྱེད་སྐབས་དོན་རྐྱེན་གཅིག་ཀྱང་མ་བྱུང་བ། སྨན་བཅོས་ཐད་འགལ་འཛོལ་གཅིག་ཀྱང་མ་བྱུང་བ་བཅས་མངོན་འགྱུར་བྱས་ཏེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལེ་པ་ནུན་དུ་སྡོད་པའི་དམག་དཔུང་དང་ལེ་པ་ནུན་སྲིད་གཞུང་དང་ས་གནས་མང་ཚོགས་ཀྱི་གཟེངས་བསྟོད་ཆེན་པོ་ཐོབ།
ལྷ་མོ་ཚེ་རིང་གིས་བསྒྱུར།