པའོ་ཧེའི་མཐོང་སྣེའི་འོག་གི་རྒྱུད་གཅིག་ལམ་གཅིག་གྲོས་འགོའི་ལོ་བཅུའི་གྲུབ་འབྲས་དང་པ་ཨར་ཧན་ས་ཁུལ་གྱི་གོ་སྐབས་ཞིབ་བསྡུར་གྲོས་ཚོགས་ཚེས་བཅུ་གཉིས་ཉིན་པའོ་ཧེའི་རྒྱལ་ས་སཱ་ལ་རེ་ཝོ་ནས་བསྡུས། ཚོགས་ཞུགས་འཐུས་མིས་བལྟས་ན། ཀྲུང་གོ་དང་པའོ་ཧེའི་རྒྱུད་གཅིག་ལམ་གཅིག་གི་མཉམ་ལས་གྲུབ་འབྲས་ཧ་ཅང་བཟང་བ་དང་། མ་འོངས་པར་ནུས་ཁུངས་དང་ཡུལ་སྐོར། རྨང་གཞིའི་སྒྲིག་ཆས་སོགས་ཕྱོགས་ཀྱི་མཉམ་ལས་སྦས་ཤུགས་ཧ་ཅང་ཆེ་བར་འདོད།
ཀྲུང་གོའི་པའོ་ཧེར་སྡོད་པའི་གཞུང་ཚབ་ཆེན་མོ་ཅི་ཕིང་དང་པའོ་ཧེའི་པུའུ་ཀྲང་གྲོས་ཚོགས་ཀྱི་སྔོན་ཆད་ཀྱི་ཀྲུའུ་ཞི་ལཱ་ཀུའུ་མུའུ་ཅི་ཡ། པའོ་ཧེའི་ཕྱི་ཕྱོགས་ཉོ་ཚོང་ཚོང་ཚོགས་ཀྱི་ཀྲུའུ་ཞི་མཱ་ལེན་ཁུ་ཝེ་ཆི་སོགས་པའོ་ཧེའི་ལས་རིགས་སོ་སོའི་འཐུས་མི་བཞི་བཅུ་ལྷག་ཞིབ་བསྡུས་གྲོས་ཚོགས་ལ་ཞུགས།
ཅི་ཕིང་གིས་ཞུ་ཚིག་ཁྲོད་བཤད་རྒྱུད། ལོ་བཅུའི་རིང་ལ། རྒྱུད་གཅིག་ལམ་གཅིག་དེ་གྲོས་འགོའི་འདུ་ཤེས་ནས་དངོས་གཉེར་མཉམ་ལས་དུ་བསྒྱུར་བ་དང་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད་ལ། དགའ་བསུ་ཆེན་པོ་ཐོབ་པའི་རྒྱལ་སྤྱིའི་ཐུན་མོང་ཐོན་རྫས་དང་མཉམ་ལས་སྟེགས་བུར་གྱུར་ཡོད། ལག་ལེན་གྱིས་རྒྱུད་གཅིག་ལམ་གཅིག་གྲོས་འགོ་ནི་གཉིས་ཕན་མཉམ་རྒྱལ་གྱི་བགྲོད་ལམ་དང་སྒོ་འབྱེད་བཟོད་སྒོམ་གྱི་བགྲོད་ལམ། ཐུན་མོང་འཕེལ་རྒྱས་ཀྱི་བགྲོད་ལམ་བཅས་ཡིན་པ་བདེན་དཔང་བྱས་ཡོད། ཀྲུང་གོ་དང་པའོ་ཧེ་རྒྱལ་ཁབ་གཉིས་ཀྱིས་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ཀྱི་གོ་རིམ་ཁྲོད་དུ་ཕྱར་བ་གྲུ་འདེགས་དང་ལག་རྡང་སྦྲེལ་ནས་མདུན་སྐྱོད་བྱས་པ་དང་། རྒྱུད་གཅིག་ལམ་གཅིག་གྲོས་འགོས་རྒྱལ་ཁབ་གཉིས་བར་དངོས་གཉེར་མཉམ་ལས་དང་མི་གཞུང་བརྗེ་རེས་ཀྱི་འབྲེལ་ཟམ་བསྐྲུན་ཡོད་ལ། པའོ་ཧེའི་དཔལ་འབྱོར་འཕེལ་རྒྱས་དང་ལྗང་མདོག་ཚུལ་སྒྱུར་དང་གཞི་གྲངས་ཚུལ་སྒྱུར་ལ་ནུས་ཡོད་སྒོས་སྐུལ་འདེད་བཏང་།
ལཱ་ཀུའུ་མུའུ་ཅི་ཡ་ཡིས་གཏམ་བཤད་ཁྲོད་བསྟན་དོན། རྒྱུད་གཅིག་ལམ་གཅིག་གྲོས་འགོ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉིས་སྟོང་སུམ་ཅུ་ལོའི་རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་བའི་འཛམ་གླིང་ཧྲིལ་བོའི་གྲོས་འགོ་ཡིན། རྒྱུད་གཅིག་ལམ་གཅིག་གྲོས་འགོས་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་འཛམ་གླིང་ཧྲིལ་བོའི་རང་བཞིན་གྱི་གནད་དོན་ཐག་གཅོད་པའི་བྱེད་ཐབས་འཚོལ་ཞིབ་བྱེད་ཐུབ།
མཱ་ལེན་ཁུ་ཝེ་ཆི་ཡིས་གཏམ་བཤད་ཁྲོད་བསྟན་དོན། པའོ་ཧེའི་རང་བྱུང་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་དཔལ་འབྱོར་རྒྱུན་མཐུད་ངང་འཕར་སྣོན་འབྱུང་བཞིན་ཡོད་ལ། པའོ་ཧེ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་མ་འོངས་འཕེལ་རྒྱས་ཐད་སྦས་ཤུགས་ཆེན་པོ་ཡོད། པའོ་ཧེ་ནི་རྒྱུད་གཅིག་ལམ་གཅིག་གྲོས་འགོའི་ཁྲོད་རྒྱ་ཆེར་ཞུགས་མཁན་གྱི་རྒྱལ་ཁབ་ཅིག་ཡིན་ལ། ཉེ་བའི་ལོ་འགའི་རིང་ལ། རྒྱུད་གཅིག་ལམ་གཅིག་མཉམ་ལས་ལས་གཞི་དེ་པའོ་ཧེའི་རྨང་གཞིའི་སྒྲིག་ཆས་དང་འཕྲོད་བསྟེན། ནུས་ཁུངས་སོགས་ཁྱབ་ཁོངས་སུ་དོན་འཁྱོལ་ནན་མོ་བྱས་ཏེ་པའོ་ཧེའི་སྤྱི་ཚོགས་ཀྱི་གཟེངས་བསྟོད་ཐོབ། མིག་སྔར་པའོ་ཧེ་དཔལ་འབྱོར་ཚུལ་སྒྱུར་གྱི་དུས་སྐབས་སུ་གནས་ཡོད་པ་དང་། པའོ་ཧེས་རྒྱུད་གཅིག་ལམ་གཅིག་གྲོས་འགོའི་སྒྲོམ་གཞིའི་འོག ཀྲུང་གོ་དང་མཉམ་དུ་ནུས་ཁུངས་དང་རྨང་གཞིའི་སྒྲིག་ཆས། ལྗང་མདོག་དཔལ་འབྱོར་སོགས་ཕྱོགས་ཀྱི་མཉམ་ལས་ཆེ་རུ་གཏོང་དགོས།
ཡུས་ཧུང་ཅུན་གྱིས་བཤད་རྒྱུར། པའོ་ཧེ་ནི་ཡོ་རོབ་གླིང་གི་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་དང་ལེན་བྱས་པའི་རྒྱལ་ཁབ་སྔ་ཤོས་ཡིན་ལ། ཀྲུང་གོ་དང་པའོ་ཧེ་རྒྱལ་ཁབ་གཉིས་ཀྱིས་སྤུས་ཚད་མཐོ་བའི་སྒོ་ནས་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱས་པ་དེས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཁེ་ཕན་དངོས་བསྐྲུན་ཡོད། ཉེ་བའི་ལོ་འགའི་རིང་ལ། ཀྲུང་གོ་དང་པའོ་ཧེས་རྒྱུད་གཅིག་ལམ་གཅིག་གྲོས་འགོ་དང་ཀྲུང་གོ་དང་ཡོ་རོབ་གླིང་ཤར་མའི་རྒྱལ་ཁབ་བར་གྱི་མཉམ་ལས་སྒྲོམ་གཞིའི་འོག་ཏུ་དངོས་གཉེར་མཉམ་ལས་བྱས་ཏེ་གྲུབ་བཟང་བཟང་བོ་བླངས། ཀྲུང་གོ་ཕྱོགས་ཀྱིས་པའོ་ཧེ་ཕྱོགས་དང་མཉམ་དུ་དཔལ་འབྱོར་ཉོ་ཚོང་མཉམ་ལས་དང་མི་གཞུང་བརྗེ་རེས་ལ་མུ་མཐུད་དུ་ཤུགས་སྣོན་པ་དང་། མི་སེམས་མཉམ་འདྲེས་ལ་སྐུལ་འདེད་བཏང་སྟེ་ཀྲུང་གོ་དང་པའོ་ཧེའི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད།
ཐེངས་འདིའི་ཞིབ་བསྡུར་གྲོས་ཚོགས་ནི་པའོ་ཧེའི་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་དང་སྐུལ་འདེད་ལྟེ་གནས་ཀྱིས་བསྒྲུབས་པ་རེད།
ལྷ་མོ་ཚེ་རིང་གིས་བསྒྱུར།