ཀྲང་ཅུན་གྱིས་རྒྱལ་སྤྱིའི་འཕེལ་རྒྱས་མཉམ་ལས་ལ་མཉམ་དུ་སྐུལ་འདེད་གཏོང་དགོས་པའི་འབོད་སྐུལ་བཏང་།
2023.09.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 64

ཀྲུང་གོའི་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་འཐུས་མི་ཀྲང་ཅུན་གྱིས་ཚེས་བཅུ་གཉིས་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཉམ་ལས་ཉིན་མོའི་རྗེས་དྲན་གྲོས་ཚོགས་སྟེང་གཏམ་བཤད་དེ།    ཕྱོགས་མང་རིང་ལུགས་ངོ་མ་རྒྱུན་འཁྱོངས་བྱས་ཏེ་རྒྱལ་སྤྱིའི་འཕེལ་རྒྱས་མཉམ་ལས་ལ་མཉམ་དུ་སྐུལ་འདེད་གཏོང་དགོས་པའི་འབོད་སྐུལ་བཏང་།

ཀྲང་ཅུན་གྱིས་བཤད་རྒྱུར།   རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྔར་ལས་འདྲ་མཉམ་དང་སྒོ་འབྱེད།  མཉམ་ལས་བཅས་ཀྱི་འཛམ་གླིང་ཧྲིལ་བོའི་གྲོགས་པོའི་འབྲེལ་བ་བཙུགས་ཏེ་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་གྲུབ་པར་བྱེད་འོས་པ་དང་།   དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་གཞུང་ཕྱོགས་ཀྱི་འཕེལ་རྒྱས་རོགས་སྐྱོར་དམ་བཅའ་ལག་བསྟར་བྱས་ཏེ་ལྷོ་བྱང་མཉམ་ལས་ཀྱི་བགྲོད་ལམ་གཙོ་བོའི་བྱེད་ནུས་མངོན་པར་བྱེད་འོས་ལ།   འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་རང་གི་ནུས་ཚོད་ཀྱིས་ཕན་ཚུན་རོགས་སྐྱོར་བྱས་ཏེ་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁ་གསབ་བྱེད་ནུས་འདོན་སྤེལ་བཟང་བོ་བྱེད་འོས།

ཀྲང་ཅུན་གྱིས་ནན་གྱིས་བསྟན་དོན།  འཕེལ་རྒྱས་སྔོན་དུ་འགྲོ་བ་རྒྱུན་འཁྱོངས་བྱས་ཏེ་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་དགོས།   མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱལ་སྤྱིའི་འཕེལ་རྒྱས་མཉམ་ལས་ཀྱི་འགན་འཁྲི་གལ་ཆེན་ཁུར་ཡོད་པས།   འཕེལ་རྒྱས་གྲོས་དོན་དེ་སྔོན་ལ་བཀོད་སྒྲིག་བྱེད་དགོས་པ་དང་མཐུན་སྒྲིལ་མཉམ་ལས་ཤུགས་ཆེན་པོས་དར་སྤེལ་བཏང་སྟེ་ཆབ་སྲིད་སྟེང་ཁོར་ཡུག་དང་ཆ་རྐྱེན་བཟང་བོ་བསྐྲུན་དགོས་ལ།   གཅིག་གྱུར་མཐུན་སྦྱོར་བྱེད་ནུས་འདོན་སྤེལ་བཟང་བོ་བྱས་ཏེ་འཕེལ་རྒྱས་སྡེ་ཁག་གིས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཉམ་ལས་གཙོར་འཛིན་རྒྱུར་སྐུལ་སློང་བྱེད་དགོས་པར་མ་ཟད།   ཕྱོགས་མང་གསར་སྤེལ་དངུལ་ཁང་སོགས་རྒྱལ་སྤྱིའི་དངུལ་རྩའི་སྡེ་ཁག་གིས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ལ་ཐོན་ཁུངས་མང་བོ་འདོན་སྤྲོད་བྱེད་པར་སྐུལ་འདེད་གཏོང་དགོས།  རྒྱ་ཆེའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་བློ་བརྟན་འགྱུར་མེད་ངང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཉམ་ལས་ཀྱི་བདག་དབང་ལ་བརྩི་འཇོག་བྱེད་པ་དང་འདྲ་མཉམ་གཉིས་ཕན།   ཕན་ཚུན་གྱི་ནང་སྲིད་ལ་ཐེ་གཏོགས་མི་བྱེད་པ་བཅས་ཀྱི་གཞི་རྩའི་རྩ་དོན་ལ་སྲུང་སྐྱོབ་བྱེད་དགོས་པ་དང་། འཕེལ་རྒྱས་ཉམས་མྱོང་དང་ལག་ལེན་བཟང་བོ་མཉམ་སྤྱོད་བྱེད་པར་ཤུགས་བསྣན་ནས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སྤེལ་དགོས།

ཀྲང་ཅུན་གྱིས་བཤད་རྒྱུར།   འགུལ་སྐྱོད་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་དངོས་གཉེར་མཉམ་ལས་ལ་སྐུལ་འདེད་ནན་མོ་གཏོང་དགོས།   རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཐུན་མོང་གི་འགྲན་རྩོད་ལ་ཁ་གཏད་འཇལ་རྒྱུ་འགོ་རྩོམ་སར་བྱེད་པ་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་བྲེལ་མྱུར་དགོས་མཁོ་གཅིག་བསྡུས་བྱེད་པ།   དངོས་གཉེར་གྱི་བྱེད་ཐབས་སྤྱོད་པ་བཅས་བྱས་ཏེ་དབུལ་ཕོངས་དང་གནམ་གཤིས་འགྱུར་ལྡོག   གཞི་གྲངས་དཔལ་འབྱོར། ལྗང་མདོག་འཕེལ་རྒྱས་སོགས་ཀྱི་ཐད་མ་དངུལ་དང་ལག་རྩལ་འདོན་སྤྲོད་བྱས་ནས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་བྱེད་པར་རོགས་སྐྱོར་བྱེད་དགོས།

ཀྲང་ཅུན་གྱིས་བསྟན་དོན།   ཀྲུང་གོས་བློ་བརྟན་འགྱུར་མེད་ངང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཉམ་ལས་ལ་རྒྱབ་སྐྱོར་བྱེད་པ་དང་། རང་ནུས་ཅི་ལྕོགས་ཀྱིས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་གཞན་དག་གིས་ཐུན་མོང་འཕེལ་རྒྱས་མངོན་འགྱུར་བྱེད་པར་རོགས་རམ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ནམ་ཡང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་སྔོན་སྐྱོད་པ་བྱེད་ངེས།   ཀྲུང་གོའི་འགོ་ཁྲིད་པས་བཏོན་པའི་འཛམ་གླིང་ཧྲིལ་བོའི་འཕེལ་རྒྱས་གྲོས་འགོས་འཛམ་གླིང་ཧྲིལ་བོའི་འཕེལ་རྒྱས་མཉམ་ལས་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་ལག་བསྟར་བྱེད་པར་སྒུལ་ཤུགས་ཆེན་པོ་སྣོན་ཐུབ།   ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་སོ་སོ་དང་མཉམ་དུ་འཛམ་གླིང་ཧྲིལ་བོའི་འཕེལ་རྒྱས་གྲོས་འགོའི་འོག་ཏུ་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས་ཉིས་སྟོང་སུམ་ཅུ་ལོའི་གྲོས་རིམ་མངོན་འགྱུར་བྱེད་པར་རོགས་ཤུགས་གསར་བ་སྣོན་འདོད་ཡོད།

                                                                                                            ལྷ་མོ་ཚེ་རིང་གིས་བསྒྱུར།