ཕུའུ་ཅིན་དང་ཅིན་ཀྲིན་ཨིན་གྱིས་གྲོས་མོལ་ཐུང་ངུ་བྱས།
2023.09.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 25

ཨུ་རུ་སིའི་གསར་འགྱུར་ཁང་གིས་བསྒྲགས་པ་ལྟར་ན།   ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་ཁྲའོ་ཞན་གྱི་ཆེས་མཐོའི་འགོ་ཁྲིད་པ་ཅིན་ཀྲིན་ཨིན་གྱིས་ཚེས་བཅུ་གསུམ་ཉིན་ཨུ་རུ་སིའི་རྒྱང་ཤར་ས་ཁུལ་གྱི་ཨ་མུའུ་ཨར་མངའ་སྡེའི་ཤར་ཕྱོགས་མཁའ་སྐྱོད་འཕེན་གཏོང་ར་བ་རུ་གྲོས་མོལ་ཐུང་ངུ་བྱས།

ཐ་སི་གསར་འགྱུར་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཅིན་ཀྲིན་ཨིན་གྱིས་ཕུའུ་ཅིན་དང་ཁོ་གཉིས་ཀྱིས་ཁྲའོ་ཞན་ཕྱེད་གླིང་དང་ཡོ་རོབ་གླིང་གི་དམག་དོན་ཆབ་སྲིད་གནས་བབ་དང་། ཨུ་རུ་སི་དང་ཁྲའོ་ཞན་གྱི་འཐབ་ཇུས་འཐབ་རྩལ་མཉམ་ལས་སོགས་གནད་དོན་སྐོར་ནས་གྲོས་སྡུར་བྱས་པ་ཡིན་ལ། ཁྲའོ་ཞན་ཕྱོགས་ཀྱིས་ཨུ་རུ་སིའི་ཙུང་ཐུང་དང་མཉམ་དུ་ཡུན་རིང་བརྟན་འཇགས་ཡིན་པ་དང་མ་འོངས་པར་ཁ་ཕྱོགས་པའི་ཁྲའོ་ཞན་དང་ཨུ་རུ་སིའི་འབྲེལ་བ་འཛུགས་པར་འབད་བརྩོན་བྱེད་རྒྱུ་ཡིན་པར་མ་ཟད། དེའི་རྨང་གཞིའི་སྟེང་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པ་དང་རྒྱལ་སྤྱིའི་དྲང་བདེན་ལ་སྲུང་སྐྱོབ་བྱེད་པར་ཡར་སྐུལ་བྱེད་འདོད་ཡོད་ཅེས་བཤད་པ་དང་། ཁོས་ཁྲའོ་ཞན་དང་ཨུ་རུ་སིའི་འབྲེལ་བ་གོང་དུ་སྤེལ་བ་དེ་རྒྱལ་ཁབ་གཉིས་ཀྱི་ཁེ་ཕན་དང་མཐུན་ལ། ཐེངས་འདིའི་འཚམས་འདྲིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཆུ་ཚད་གསར་བ་ཞིག་ཏུ་གོང་འཕེལ་ལ་གཏོང་ཐུབ་པར་ཡིད་ཆེས་ཡོད་ཅེས་བཤད། 

ཕུའུ་ཅིན་གྱིས་ཨུ་རུ་སིའི་བརྙན་འཕྲིན་འཕྲིན་ལམ་དང་པོའི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཐེངས་འདིར་ཕྱོགས་གཉིས་ཀྱིས་ས་ཁུལ་གྱི་གནས་བབ་དང་ཕྱོགས་གཉིས་ཀྱི་འབྲེལ་བའི་སྐོར་ནས་བསམ་ཚུལ་བརྗེ་རེས་བྱས་པ་དང་། ལྷག་བསམ་ལྡན་ཞིང་ཕན་འབྲས་ཕུན་སུམ་ཚོགས་པའི་གྲོས་མོལ་བྱས་པ་ཡིན་ཞེས་བཤད། ཁོས་ཨུ་རུ་སིས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་བཀག་སྡོམ་བརྩི་སྲུང་བྱེད་མོད། ཡིན་ནའང་ཨུ་རུ་སི་དང་ཁྲའོ་ཞན་བར་གྱི་དམག་དོན་ལག་རྩལ་མཉམ་ལས་ལ་སྔར་ལས་མདུན་ལྗོངས་ལྡན་པར་མ་ཟད། ཕྱོགས་གཉིས་ཀྱིས་འགྲིམ་འགྲུལ་སྐྱེལ་འདྲེན་དང་ཞིང་ལས་སོགས་ཁྱབ་ཁོངས་སུ་མཉམ་ལས་བྱ་རྩིས་ཡོད་ཅེས་བཤད། 

ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕེ་སི་ཁི་ཧྥུའུ་ཡིས་སྨྱན་སྦྱོར་ལ་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་གྲོས་མོལ་གྱི་རྗེས་སུ་ཡིག་ཆ་གཅིག་ཀྱང་འགོད་མི་སྲིད་ཅེས་བཤད། 

རྒྱུས་ལོན་བྱུང་བ་ལྟར་ན། ཉིན་དེར་ཕྱོགས་གཉིས་ཀྱི་འཐུས་མི་ཞུགས་པའི་གཞི་ཁྱོན་ཆེ་བའི་གྲོས་མོལ་དུས་ཚོད་གཅིག་དང་ཕྱེད་ཀ་ཙམ་ལ་སྤེལ་བ་དང་། དེའི་རྗེས་སུ་ཕུའུ་ཅིན་དང་ཅིན་ཀྲིན་ཨིན་གཉིས་ཁོ་ནས་ཕན་ཚུན་གྲོས་མོལ་བྱས་ཤིང་། གྲོས་མོལ་བྱས་རྗེས་ཁོ་གཉིས་ཀྱིས་མཉམ་དུ་ཟ་མ་ཟོས། 

ཕུའུ་ཅིན་གྱིས་གདན་དྲངས་པ་ལྟར།ཅིན་ཀྲིན་ཨིན་ཚེས་10ཉིན་ཆེད་བཏང་མེ་འཁོར་ལ་བསྡད་དེ་ཁྲའོ་ཞན་གྱི་རྒྱལ་ས་ཕིང་རིང་ནས་ཨུ་རུ་སིར་ལམ་ལ་ཆས་པ་དང་།ཚེས12ཉིན་གྱི་ཞོགས་པར་ཨུ་རུ་སིའི་མཐའ་མཚམས་གྲོང་ཁྱེར་ཧ་སང་ལ་འབྱོར།

                                                                                ལྷ་མོ་ཚེ་རིང་གིས་བསྒྱུར།