ལེ་པ་ནོན་གྱི་ཡུལ་གྱར་བའི་སྒར་སའི་དྲག་ཆས་འཁྲུག་རྩོད་གསར་བའི་ཁྲོད་ཧ་ལམ་མི་ཉི་ཤུ་རྐྱེན་ལམ་དུ་ཤོར།
2023.09.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 23

ལེ་པ་ནོན་སྨྱན་བྱད་ཀྱིས་ཚེས་བཅུ་བཞི་ཉིན་བསྒྲགས་པ་ལྟར་ན། ལེ་པ་ནོན་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་ཞི་ཏུན་ཉེ་འགྲམ་གྱི་ཨའེ་དབྱིན.ཧྭ་ལི་ཝ་ཕ་ལེ་སི་ཐན་ཡུལ་གྱར་བའི་སྒར་སའི་དྲག་ཆས་འཁྲུག་རྩོད་བྱུང་བའི་གཟའ་འཁོར་གཅིག་རིང་ལ། ཧ་ལམ་མི་ཉི་ཤུ་རྐྱེན་ལམ་དུ་ཤོར་བ་དང་། མི་བརྒྱ་དང་ལྔ་བཅུ་ལྷག་ལ་རྨས་ཕོག

ཚེས་བདུན་ཉིན་གྱི་དགོང་མོར། ཡུལ་གྱར་བའི་སྒར་སའི་ཕ་ལེ་སི་ཐན་མི་རིགས་བཅིངས་འགྲོལ་ལས་འགུལ་དང་དེའི་དགྲ་ཟླའི་ཕྱོགས་ཁག་བར་ཟླ་གཅིག་འགོར་བའི་རྗེས་ཡང་བསྐྱར་དྲག་ཆས་འཁྲུག་རྩོད་བྱུང་། བསྟུད་མར་ཉིན་འགའི་རིང་ལ། འཁྲུག་རྩོད་འཕྲོ་རིམ་འཕྲོར་བྱུང་བ་དང་། ཉིན་རེ་རེར་ཤི་རྨས་བྱུང་བའི་སྣང་ཚུལ་འབྱུང་བཞིན་ཡོད།

ལེ་པ་ནོན་རྒྱལ་ཁབ་གསར་འགྱུར་ཁང་གིས་ཚེས་བཅུ་གསུམ་ཉིན་གྱི་དགོང་མོར་བསྒྲགས་པ་ལྟར་ན། ཕྱོགས་མང་བོས་འབད་བརྩོན་བྱས་པ་བརྒྱུད་དེ། ཕྱོགས་གཉིས་ཀྱིས་ཉིན་དེའི་སྔ་དྲོར་གནས་སྐབས་སུ་འཁྲུག་རྩོད་མཚམས་བཞག་ན་ཡང་། ཉིན་དེའི་ཕྱི་དྲོར་ཡང་བསྐྱར་འཁྲུག་རྩོད་བྱུང་བ་དང་། ཕྱོགས་གཉིས་ཀྱིས་མེ་ཤུགས་འཕུར་མདེལ་དང་བཅས་པའི་དྲག་ཤུགས་མཚོན་ཆ་བཀོལ། འཁྲུག་རྩོད་ཁྲོད་མི་བདུན་རྐྱེན་ལམ་དུ་ཤོར་བ་དང་། མི་ཉེར་བཞིར་རྨས་ཕོག འཁྲུག་རྩོད་སྐབས་སུ། འཁྱར་མདེལ་ཞི་ཏུན་གྲོང་ཁྱེར་གྱི་ཁྲོམ་ཁུལ་ཁ་ཤས་དང་གྲོང་ཁྱེར་དེའི་ལྷོ་རྒྱུད་ཀྱི་མགྱོགས་བགྲོད་གཞུང་ལམ་སྟེང་ལྷུང་ནས། ཞི་ཏུན་གྲོང་ཁྱེར་དང་དེའི་མཐའ་འཁོར་ས་ཁུལ་གྱི་མི་ཚོགས་མང་བོ་བྲོས་བྱོལ་བྱས་པ་དང་། ཉེ་འགྲམ་གྱི་སློབ་གྲྭ་ཁ་ཤས་ཀྱིས་ཀྱང་སློབ་ཁྲིད་བྱེད་མཚམས་བཞག་ཟེར།

རིན་ཆེན་མཚོས་བསྒྱུར།