ཁུ་པའི་ཀྲུང་གོར་སྡོད་པའི་གཞུང་ཚབ་ཁང་གིས་རྒྱལ་ཁབ་དོན་བདུན་གྱི་སྡེ་ཚོགས་དང་ཀྲུང་གོའི་རྩེ་ཚོགས་ཀྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས།
2023.09.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 47

ཁུ་པའི་ཀྲུང་གོར་སྡོད་པའི་གཞུང་ཚབ་ཁང་གིས་ཟླ་དགུ་པའི་ཚེས་བཅུ་གསུམ་ཉིན་རྒྱལ་ཁབ་དོན་བདུན་གྱི་སྡེ་ཚོགས་དང་ཀྲུང་གོའི་རྩེ་ཚོགས་ཀྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས། ཁུ་པའི་ཀྲུང་གོར་སྡོད་པའི་་གཞུང་ཚབ་ཆེན་མོ་པའེ་ཧྲི་ཏི་ཡིས་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཀྲུང་གོའི་ཚན་རྩལ་གསར་གཏོད་ཁྱབ་ཁོངས་ཀྱི་ཉམས་མྱོང་རྩ་ཆེན་གྱིས་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་བྱེད་པའི་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཟེར།

ཁུ་པ་ནི2023ལོའི་རྒྱལ་ཁབ་དོན་བདུན་སྡེ་ཚོགས་ཀྱི་ཀྲུའུ་ཞི་རྒྱལ་ཁབ་ཡིན་པ་དང་། སྐབས་འདིའི་རྒྱལ་ཁབ་དོན་བདུན་གྱི་སྡེ་ཚོགས་དང་ཀྲུང་གོའི་རྩེ་ཚོགས་ཚེས་བཅོ་ལྔ་ཉིན་ནས་ཚེས་བཅུ་དྲུག་ཉིན་བར་ཁུ་པའི་རྒྱལ་ས་ཧྭ་ཝ་ན་རུ་བསྡུ་རྒྱུ་ཡིན་པ་དང་། བརྗོད་དོན་ནི་མིག་སྔར་འཕེལ་རྒྱས་ཀྱི་མདུན་དུ་ལྷགས་པའི་འགྲན་རྩོད་དེ་ཚན་རིག་དང་ལག་རྩལ། གསར་གཏོད་ཀྱི་ནུས་པ་ཞེས་པ་དེ་རེད།

པའེ་ཧྲི་ཏི་ཡིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། ཀྲུང་གོ་ནི་རྒྱལ་ཁབ་དོན་བདུན་གྱི་སྡེ་ཚོགས་དང་ཀྲུང་གོ་ཞེས་པའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཕྱོགས་མང་མཉམ་ལས་རྐྱེན་སྲོལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཡིན་པ་དང་། དེའི་རྒྱུ་མཚན་ནི་ཀྲུང་གོ་ནི་འཛམ་གླིང་གི་དཔལ་འབྱོར་ཚོགས་པའི་གྲས་ཡིན་པར་མ་ཟད། ཀྲུང་གོའི་ཚན་རྩལ་གསར་གཏོད་ཀྱིས་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཕྱོགས་ནས་ཉམས་མྱོང་རྩ་ཆེན་ཡོད་པའི་རྐྱེན་དང་། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་འཕེལ་རྒྱས་སུ་གཏོང་བའི་ལས་གཞིའི་ཁྲོད་ནུས་པ་གལ་ཆེན་འདོན་སྤེལ་བྱེད་པའི་རྐྱེན་ཡང་ཡིན་ཟེར།

པའེ་ཧྲི་ཏི་ཡིས་ནན་གྱིས་བསྟན་དོན། རྒྱལ་སྤྱིའི་སྤྱི་ཚོགས་ཟུར་ངོས་མང་བོའི་འགྲན་རྩོད་ལ་ཐུག་པའི་རྒྱབ་ལྗོངས་འོག ཀྲུང་གོས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་དཔལ་འབྱོར་ལག་རྩལ་མཉམ་ལས་ཐད་ཆེད་སྤྱོད་མ་དངུལ་བཀོད་སྒྲིག་བྱས་པ་དང་། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་མང་བོར་ཆ་རྐྱེན་མེད་པ་དང་རྒྱལ་ཁབ་གཞན་པའི་ནང་སྲིད་ལ་ཐེ་གཏོགས་མི་བྱེད་པའི་འཕེལ་རྒྱས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱས་ལ། སྔར་ལས་འདྲ་མཉམ་དང་དྲང་གཞག་གི་རྒྱལ་སྤྱིའི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྒྲིག་ལམ་གསར་བ་འཛུགས་ཆེད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཟེར།

པའེ་ཧྲི་ཏི་ཡིས་བསྟན་དོན། ཀྲུང་གོས་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་ཐད་གཏན་འཇགས་དང་དོ་མཉམ་གྱི་རྒྱུ་རྐྱེན་འདོན་སྤྲོད་བྱས་པ་དང་། ཀྲུང་གོས་འཕེལ་རྒྱས་ཀྱི་གོ་སྐབས་དེ་འཛམ་གླིང་གི་རྒྱལ་ཁབ་སོ་སོ་དང་མཉམ་སྤྱོད་བྱེད་ཀྱིན་ཡོད་ཟེར།

པའེ་ཧྲི་ཏི་ཡིས་བཤད་རྒྱུར། སྔར་ལས་འདྲ་མཉམ་ལུགས་མཐུན་གྱི་རྒྱལ་སྤྱིའི་དཔལ་འབྱོར་དང་སྤྱི་ཚོགས་སྒྲིག་ལམ་འཛུགས་ཆེད། ཀྲུང་གོས་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པའི་གྲོས་འགོ་བཏོན་པར་མ་ཟད། འཛམ་གླིང་འཕེལ་རྒྱས་ཀྱི་གྲོས་འགོ་དང་། འཛམ་གླིང་དཔལ་ཡོན་གྲོས་འགོ། འཛམ་གླིང་བདེ་འཇགས་གྲོས་འགོ་བཅས་བཏོན་ནས། འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཕྱོགས་མང་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་ཕན་ལྡན་གྱི་ཐབས་ལམ་འདོན་སྤྲོད་བྱས་ཟེར།

ཐེངས་འདིའི་རྩེ་ཚོགས་ཀྱི་བརྗོད་དོན་ལ་དམིགས་ནས། པའེ་ཧྲི་ཏི་ཡིས་བཤད་རྒྱུར། ཚན་རྩལ་ཡར་ཐོན་ནི་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་བྱེད་པའི་གནད་འགག་ཡིན། དེང་སྐབས་ཀྱི་འདྲ་མཉམ་མིན་པའི་རྒྱལ་སྤྱིའི་དཔལ་འབྱོར་སྒྲིག་ལམ་གྱིས་རྒྱལ་ཁབ་མང་བོའི་སྤྱི་ཚོགས་དཔལ་འབྱོར་དང་ཚན་རིག་ལག་རྩལ་མཐའ་ལུས་ཅན་དུ་འགྱུར་ཚད་ཇེ་དྲག་ཏུ་བཏང་བ་དང་། ལྷོ་ཕྱོགས་རྒྱལ་ཁབ་ཀྱི་འཕེལ་རྒྱས་ཐད་གནོད་པ་ཆེན་པོ་བཟོས་ཟེར།

པའེ་ཧྲི་ཏི་ཡིས་བཤད་རྒྱུར། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཉམ་ལས་དེ་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་མཉམ་དུ་འདྲ་མཉམ་མིན་པའི་རྒྱལ་སྤྱིའི་དཔལ་འབྱོར་སྒྲིག་ལམ་ལ་ཁ་གཏད་འཇལ་བ་དང་། སྔར་ལས་དཀྱེལ་ཡངས་ཀྱི་དཔལ་འབྱོར་ཁོར་ཡུག་བསྐྲུན་ཆེད་ནུས་པ་འདོན་སྤེལ་བྱས། ཐེངས་འདིའི་རྩེ་ཚོགས་དེ་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་མཐུན་སྒྲིལ་གཅིག་གྱུར་བྱེད་པ་དང་མཉམ་དུ་རྒྱལ་ཁབ་སོ་སོ་རྒྱལ་སྤྱིའི་ཁྱབ་ཁོངས་སུ་འཕྲད་པའི་འགྲན་རྩོད་ཆེན་པོར་ཁ་གཏད་འཇལ་བའི་ཐད་ནས་བཤད་ན་ཧ་ཅང་གལ་ཆེ་ཟེར།

རིན་ཆེན་མཚོས་བསྒྱུར།