དབུས་ཤར་གྱི་རྒྱལ་ཁབ་མང་བོ་ལི་པི་ཡའི་གནོད་ཐེབས་ས་ཁུལ་དུ་རོགས་སྐྱོར་བྱེད་པའི་ཁྲོད་ཞུགས།
2023.09.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

ལི་པི་ཡའི་མི་རིགས་མཐུན་སྒྲིལ་སྲིད་གཞུང་འཕྲོད་བསྟེན་པུའུ་འཕྲལ་བསྟུན་སྡེ་ཁག་གི་མགྲིན་ཚབ་པ་ཝུའུ་ས་མཱ.ཨ་ལིས་ཀྱིས་ཚེས་བཅུ་གསུམ་ཉིན་བཤད་རྒྱུར། རླུང་དམར་ཏན་ཉི་ཨར་གྱིས་ལི་པི་ཡའི་ཤར་རྒྱུད་ས་ཁུལ་གྱི་མི་སྟོང་ལྔ་དང་ལྔ་བརྒྱ་ལྷག་རྐྱེན་ལམ་དུ་ཤོར་བར་བྱས་པ་དང་། མི་ཁྲི་གཅིག་གར་སོང་མི་ཤེས་པར་གྱུར། ལི་པི་ཡའི་ཙུང་ཐུང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་མན་ཧྥེ་ཡིས་ཚེས་བཅུ་གཅིག་ཉིན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རོགས་སྐྱོར་བྱེད་རྒྱུའི་འབོད་སྐུལ་བཏང་རྗེས། དབུས་ཤར་གྱི་རྒྱལ་ཁབ་མང་བོས་རོགས་སྐྱོར་རུ་ཁག་མངགས་པར་མ་ཟད་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དངོས་ཟོག་སྐྱེལ་བཞིན་ཡོད་ཟེར།

ཨ་ལིས་ཀྱིས་ཉིན་དེར་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། གནོད་འཚེའི་ཁྲོད་དུ་ལི་པི་ཡའི་ཤར་རྒྱུད་ས་ཁུལ་གྱི་མི་ཁྲི་གསུམ་གཞིས་མེད་ཡུལ་གྱར་བར་གྱུར་པ་དང་། གནོད་ཐེབས་ས་ཁུལ་དུ་གཞི་རྩའི་འཚོ་བའི་དངོས་ཟོག་ཧ་ཅང་དཀོན་པར་གྱུར་ཡོད་ཟེར། ལི་པི་ཡའི་འཕྲོད་བསྟེན་པུའུ་ཡིས་ཉིན་དེར་བསྟན་དོན། གནོད་ཐེབས་ས་ཁུལ་ལ་རོགས་སྐྱོར་རླངས་འཁོར་བརྒྱ་དང་སུམ་ཅུ་ལྷག་དང་སྨན་བཅོས་མི་སྣ་བཅུ་ཕྲག་ལྷག་མངགས་གཏོང་བྱས་པར་མ་ཟད། བྲེལ་མྱུར་སྨན་བཅོས་དངོས་རྫས་ཏུན་བཅུ་བཞི་བསྐྱལ་ཡོད་ཟེར།

ཕ་ལེ་སི་ཐན་ཕྱི་འབྲེལ་པུའུ་ཡིས་ཚེས་བཅུ་གསུམ་ཉིན་བསྒྲགས་པ་ལྟར་ན། ལི་པི་ཡ་ལའི་མི་སོ་བདུན་གྱིས་གྲུབ་པའི་རོགས་སྐྱོར་རུ་ཁག་ཅིག་མངགས་པ་དང་། ཁོ་ཚོས་རོགས་སྐྱོར་དངོས་ཟོག་ཁྱེར་ནས་རྒྱལ་སྤྱིའི་རོགས་སྐྱོར་རུ་ཁག་གཞན་པ་དང་མཉམ་དུ་བྱ་བ་སྤེལ་རྒྱུ་རེད་ཟེར།

ཐུ་ནི་སི་ཡི་ཙུང་ཐུང་སའེ་དབྱི་ཏི་ཡིས་ཚེས་བཅུ་གསུམ་ཉིན་བཤད་རྒྱུར། ཐུ་ཉི་སི་སྲིད་གཞུང་གིས་ལི་པི་ཡར་སྨན་བཅོས་རོགས་སྐྱོར་རུ་ཁག་མངགས་གཏོང་བྱས་པར་མ་ཟད། ཚེས་བཅུ་གསུམ་ཉིན་ལི་པི་ཡར་སྨན་བཅོས་དངོས་ཟོག་སྐྱེལ་བའི་དམག་སྤྱོད་གནམ་གྲུ་ཞིག་དང་མྱུར་སྐྱོབ་གནམ་གྲུ་ཞིག་མངགས་གཏོང་བྱས་པ་ཡིན་ཟེར།

ཨར་ཅི་རི་ཡས་ཚེས་བཅུ་གཉིས་ཉིན་གནམ་གྲུ་བརྒྱད་བཏང་ནས། ལི་པི་ཡའི་ཤར་རྒྱུད་ལ་ཟས་རིགས་དང་སྨན་བཅོས་དངོས་རྫས། ལྭ་བ་དང་སྦྲ་གུར་སོགས་རོགས་སྐྱོར་དངོས་ཟོག་སྐྱེལ་འདྲེན་བྱས། ཨར་ཅི་རི་ཡའི་ཙུང་ཐུང་ཐི་པིན་གྱིས་ནན་གྱིས་བསྟན་དོན། ཨར་ཅི་རི་ཡའི་མི་དམངས་དང་སྲིད་གཞུང་གིས་ལི་པི་ཡར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།

ཅོར་ཏན་གྱི་རྒྱལ་བོ་ཨ་པུའུ་ཏུའུ་ལ་སྐུ་ཕྲེང་གཉིས་པས་ཚེས་བཅུ་གཉིས་ཉིན། ལི་པི་ཡའི་ཙུང་ཐུང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་མན་ཧྥེ་ལ་གློག་འཕྲིན་བཏང་སྟེ། འདས་པོའི་ཁྱིམ་མི་ལ་འཚམས་འདྲི་བྱས་པར་མ་ཟད། རྨས་མ་སྔ་མོ་ནས་བདེ་ཐང་ཡོང་བའི་སྨོན་འདུན་ཞུས། ཅོར་ཏན་སྲིད་གཞུང་གིས་ལས་གཉེར་བྱས་པའི་ཧྭ་ཞི་མུའུ་སྙིང་རྗེ་རྩ་འཛུགས་ཀྱིས་ཚེས་བཅུ་གསུམ་ཉིན་ལི་པི་ཡའི་ཤར་རྒྱུད་དུ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དངོས་ཟོག་དྲུད་པའི་གནམ་གྲུ་གཅིག་མངགས་གཏོང་བྱས་པ་དང་། འབྲེལ་ཡོད་སྡེ་ཁག་གིས་མཐུན་སྦྱོར་བྱས་པ་བརྒྱུད་དེ། གནོད་ཐེབས་ས་ཁུལ་ལ་མལ་གདན་དང་ཟས་རིགས་སོགས་དངོས་ཟོག་བྱིན།

ཐུར་ཁེ་རྒྱལ་སྲུང་པུའུ་ཡིས་བཤད་རྒྱུར། ཚེས་བཅུ་གཉིས་ཉིན་ཐུར་ཁེ་སྲིད་གཞུང་གིས་གནམ་གྲུ་གསུམ་མངགས་ནས་ལི་པི་ཡ་རུ་མྱུར་སྐྱོབ་རུ་ཁག་དང་མི་ཆོས་རིང་ལུགས་ཀྱི་དངོས་ཟོག་བསྐྱལ་ཡོད་ཟེར།

ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཞི་ཡིས་ཚེས་བཅུ་གཉིས་ཉིན་དུས་ཡུན་ཉིན་གསུམ་རིང་གི་མྱ་ངན་ཞུ་རྒྱུ་ཁྱབ་བསྒྲགས་བྱས་ཏེ། རང་བྱུང་གནོད་འཚེ་ཐེབས་པའི་ལི་པི་ཡ་དང་མོ་ལོ་ཀི་ལ་རྒྱབ་སྐྱོར་བྱས།

རིན་ཆེན་མཚོས་བསྒྱུར།