སིང་ག་ཕོར་གྱི་ཙུང་ཐུང་ཧྲང་ཏ་མན་གྱིས་ཚེས་བཞི་ཉིན་གྱི་དགོང་མོར་ཙུང་ཐུང་བཞུགས་ཤག་ནས་དམ་བཅའ་བཞག་སྟེ་འགན་དངོས་སུ་ཁུར།
ཧྲང་ཏ་མན་གྱིས་དམ་བཅའ་བཞག་སྟེ་འགན་ཁུར་བའི་མཛད་སྒོའི་སྟེང་བཤད་རྒྱུར། ཁོས་བློ་དཀར་ཞིང་འབད་བརྩོན་བྱས་ནས་རང་འགན་བཟང་བོར་སྒྲུབ་པ་དང་། མི་དམངས་དང་མཐུན་སྒྲིལ་བྱས་ནས་སྔར་ལས་དཀྱེལ་ཡངས་ཀྱི་སྤྱི་ཚོགས་འཛུགས་སྐྲུན་བྱེད་རྒྱུ་ཡིན་ཟེར། དེ་དང་མཉམ་དུ། ཁོས་སྟོབས་ཤུགས་ཡོད་རྒུས་རྒྱལ་སྤྱིའི་སྟེགས་བུའི་སྟེང་སིང་ག་ཕོར་གྱི་ཚབ་བྱས་ནས། རྒྱལ་ཁབ་གཞན་པའི་བར་གྱི་གྲོགས་པོའི་འབྲེལ་བ་གཏིང་ཟབ་ཏུ་སྤེལ་བར་མ་ཟད་རྒྱ་བསྐྱེད་རྒྱུ་ཡིན་པའི་ཚུལ་བསྟན།
སིང་ག་ཕོང་གྱི་ཙུང་ལི་ལིས་ཞན་ལུང་གིས་མཛད་སྒོའི་སྟེང་ཤིས་ཚིག་ཕུལ་ནས་བཤད་རྒྱུར། ཧྲང་ཏ་མན་གྱིས་ཙུང་ཐུང་འདེམ་བསྐོའི་ཁྲོད་ཐག་གཅོད་རང་བཞིན་གྱི་རྒྱལ་ཁ་བླངས་པ་དེས་འདེམ་དམངས་ཀྱིས་ཁོར་རྒྱབ་སྐྱོར་བྱེད་བཞིན་པ་མཚོན་ལ། སིང་ག་ཕོར་སྲིད་གཞུང་གིས་སྟོབས་ཤུགས་ཡོད་རྒུས་ཧྲང་ཏ་མན་གྱི་འགན་སྒྲུབ་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན།
སིང་ག་ཕོར་གྱིས་ཟླ་འདིའི་ཚེས་གཅིག་ཉིན་ཙུང་ཐུང་འདེམ་བསྐོའི་འདེམ་ཤོག་འཕེན་པའི་བྱ་འགུལ་སྤེལ་བ་དང་། ཧྲང་ཏ་མན་ལ་བརྒྱ་ཆའི་བདུན་ཅུ་ལྷག་གི་འདེམ་ཤོག་ཐོབ་ནས་སིང་ག་ཕོར་གྱི་ཙུང་ཐུང་དུ་བདམས། ཧྲང་ཏ་མན་ད་ལོ་དགོང་ལོ་རེ་དྲུག་ལ་བུད་ཡོད་པ་དང་། སྔོན་ཆད་སིང་ག་ཕོང་གྱི་རྒྱལ་སྲིད་བློ་འདོན་དང་ཙུང་ལི་གཞོན་པ། ནོར་སྲིད་པུའུ་ཀྲང་། སློབ་གསོ་པུའུ་ཀྲང་དང་མི་ཤུགས་པུའུ་ཀྲང་སོགས་ཀྱི་འགན་ཁུར་མྱོང་།
རིན་ཆེན་མཚོས་བསྒྱུར།