ཟླ་དགུ་པའི་ཚེས་བཅུ་བཞི་ཉིན། ཀྲུང་གོའི་མཉམ་འབྲེལ་རྒྱལ་སོགས་སུ་རྒྱུན་དུ་སྡོད་པའི་རི་ནེ་ཝ་དོན་གཅོད་ཁང་དང་སུའེ་ཙེར་དུ་སྡོད་པའི་རྒྱལ་སྤྱིའི་རྩ་འཛུགས་གཞན་པའི་འཐུས་མི། གཞུང་ཚབ་ཆེན་མོ་ཁྲིན་ཞུའུ་ཡིས་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་དང་བདེ་འཇགས་འཐུང་ཆུའི་གནད་དོན་དང་འཕྲོད་བསྟེན་སྒྲིག་ཆས་ལོངས་སྤྱོད་ཀྱི་འགྲོ་མིའི་གནད་དོན་དམིགས་བསལ་སྙན་ཞུ་འབུལ་མཁན་གྱི་བརྗེ་རེས་གཏམ་བཤད་སྤེལ་སྐབས་བཤད་རྒྱུར། འཇར་པན་སྲིད་གཞུང་གི་རང་འདོད་དང་བཙན་ཤེད་སྒོས་ཧྥུའུ་ཏའོ་ཉིང་རྡུལ་བཙོག་ཆུ་རྒྱ་མཚོར་བཏང་བ་ལས། ཞི་བདེ་རྒྱ་མཚོ་ཆེན་མོའི་འགྲམ་ངོགས་ཀྱི་རྒྱལ་ཁབ་དང་འཛམ་གླིང་མིའི་རིགས་ཀྱི་བདེ་ཐང་དབང་ཆ་དང་། འཕེལ་རྒྱས་དབང་ཆ། ཁོར་ཡུག་དབང་ཆ་བཅས་ལ་གནོད་འཚེ་ཚབས་ཆེན་བཏང་བས། ལུགས་མཐུན་རང་བཞིན་དང་། ཁྲིམས་མཐུན་རང་བཞིན། བདེ་འཇགས་རང་བཞིན་བཅས་ལ་རྒྱལ་སྤྱིའི་སྤྱི་ཚོགས་དོགས་པ་ཟ་བར་མ་ཟད། འཇར་པན་དང་ཧན་གོ་ཡི་མང་ཚོགས་ཀྱིས་ངོ་རྒོལ་དྲག་པོ་བྱེད་ཀྱིན་ཡོད་ཟེར།
ཁྲིན་ཞུའུ་ཡིས་བཤད་རྒྱུར། གལ་ཏེ་ཧྥུའུ་ཏའོ་ཉིང་རྡུལ་བཙོག་ཆུ་བདེ་འཇགས་ཡིན་ན་རྒྱ་མཚོར་གཏོང་དགོས་པའི་ངེས་པ་མེད་ལ། གལ་ཏེ་བདེ་འཇགས་མིན་ན། ལྷག་ཏུ་རྒྱ་མཚོར་གཏོང་མི་རུང་། ཀྲུང་གོས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱིས་གནད་དོན་འདིར་དོ་སྣང་ཆེན་པོ་བྱེད་རྒྱུའི་འབོད་སྐུལ་བཏང་བ་ཡིན་ལ། འཇར་པན་གྱིས་ཉིང་རྡུལ་བཙོག་ཆུ་ཕྱིར་རྒྱ་མཚོར་གཏོང་བའི་བྱ་སྤྱོད་མྱུར་དུ་མཚམས་འཇོག་དགོས་པའི་སྐུལ་མ་བཏང་བ་ཡིན་ཟེར།
རིག་འཛིན་སྒྲོལ་མས་བསྒྱུར།