ཅིན་ཀྲིན་ཨིན་གྱིས་ཨུ་རུ་སིའི་ཅཱ་ཅཱ་ལིན་གནམ་གྲུ་བཟོ་གྲྭར་ལྟ་སྐོར་བྱས།
2023.09.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 20

ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཚེས་བཅུ་དྲུག་ཉིན་བསྒྲགས་པ་ལྟར་ན། ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་སྲིད་ཨུ་ཡོན་ཀྲང་ཅིན་ཀྲིན་ཨིན་ཚེས་བཅོ་ལྔ་ཉིན་ཨུ་རུ་སིའི་ཡོན་ཏུང་ས་ཁུལ་གྱི་བཟོ་ལས་གྲོང་ཁྱེར་གཙོ་བོ་ཨ་མུའུ་ཨར་ཆུ་འགྲམ་གྱི་གུང་ཆིན་མཁར་དུ་སོང་ནས་ཅཱ་ཅཱ་ལིན་གནམ་གྲུ་བཟོ་གྲྭར་ལྟ་སྐོར་བྱས།

བསྒྲགས་པ་ལྟར་ན། ལྟ་སྐོར་བྱེད་སྐབས་ཅིན་ཀྲིན་ཨིན་སུའུ-57རྟགས་ཅན་གྱི་འཐབ་འཛིང་གནམ་གྲུའི་སྟེང་བུད་ནས། སྔོན་ཐོན་གྱི་འཐབ་འཛིང་གནམ་གྲུའི་ལག་རྩལ་ཁྱད་ཆོས་དང་འཕུར་སྐྱོད་བྱེད་ནུས་ལ་རྒྱུས་ལོན་བྱས་པར་མ་ཟད། སུའུ-35རྟགས་ཅན་གྱི་འཐབ་འཛིང་གནམ་གྲུའི་འཕུར་རྩལ་འཁྲབ་སྟོན་ལ་བལྟས། དེ་ལས་གཞན་ཅིན་ཀྲིན་ཨིན་གྱིས་ད་རུང་བཟོ་གྲྭ་དེས་ཐོན་སྐྱེད་བྱས་པའི་འགྲུལ་སྐྱེལ་གནམ་གྲུའི་འབྲེལ་ཡོད་བྱེད་ནུས་ལ་རྒྱུས་ལོན་བྱས།

བསྒྲགས་པ་ལྟར་ན། ཅིན་ཀྲིན་ཨིན་གྱིས་ཨུ་རུ་སིའི་གནམ་གྲུ་བཟོ་གྲྭའི་རང་ཚུས་སྦས་ཤུགས་དང་དེང་རབས་ཅན་གྱི་ཆུ་ཚད་ལས་སེམས་འགུལ་ཆེན་པོ་ཐེབས་པའི་ཚུལ་བསྟན།

ཅཱ་ཅཱ་ལིན་གནམ་གྲུ་བཟོ་གྲྭ་ནི་ཨུ་རུ་སིའི་རྒྱལ་སྲུང་བཟོ་ལས་དང་མཁའ་འགྲུལ་སྐྱེལ་འདྲེན་ཐོན་ལས་ཀྱི་རྟེན་གཞི་གལ་ཆེན་ཞིག་ཡིན་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།