རྒྱལ་ཁབ་དོན་བདུན་སྡེ་ཚོགས་དང་ཀྲུང་གོའི་མཐོ་རིམ་གྲོས་ཚོགས་མགོ་བརྩམས་པ་དང་མཉམ་ལས་ལ་བརྟེན་ནས་མིག་སྔའི་འགྲན་རྩོད་ཐག་གཅོད་བྱེད་པར་སྐུལ་འདེད་བཏང་།
2023.09.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

རྒྱལ་ཁབ་དོན་བདུན་སྡེ་ཚོགས་དང་ཀྲུང་གོའི་མཐོ་རིམ་གྲོས་ཚོགས་ཚེས་བཅོ་ལྔ་ཉིན་ཁུ་པཱའི་རྒྱལ་ས་ཧཱ་ཝ་ནཱ་ནས་མགོ་བརྩམས་པ་དང་། མཐོ་རིམ་གྲོས་ཚོགས་ནས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཐུན་སྦྱོར་མཉམ་ལས་ལ་སྐུལ་འདེད་བཏང་ནས་མིག་སྔའི་འགྲན་རྩོད་ཐག་གཅོད་བྱེད་པ་གཙོ་གནད་དུ་བཟུང་ཡོད།

ཐེངས་འདིའི་མཐོ་རིམ་གྲོས་ཚོགས་ནི་རྒྱལ་ཁབ་དོན་བདུན་སྡེ་ཚོགས་དང་ཀྲུང་གོའི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཁུ་པཱ་ཡིས་བསྡུས་པ་ཡིན་ལ། བརྗོད་སྙིང་ནི་མིག་སྔའི་འཕེལ་རྒྱས་ཀྱི་མདུན་དུ་ལྷགས་པའི་འགྲན་རྩོད་དེ། ཚན་རྩལ་དང་ལག་རྩལ། གསར་གཏོད་བཅས་ཀྱི་ནུས་པ་ཞེས་པ་དེ་ཡིན་ལ། པཱ་ཞི་དང་ཝེ་ནེ་ཙུའེ་ལཱ་སོགས་རྒྱལ་ཁབ་མགོ་གཙོ་དང་སྲིད་གཞུང་གི་མགོ་ཁྲིད་སུམ་ཅུ་ལྷག་དང་། རྒྱལ་སྤྱི་དང་ས་ཁུལ་གྱི་རྩ་འཛུགས་འགན་ཁུར་བ་མང་བོ། དེ་མིན་རྒྱལ་ཁབ་བརྒྱ་ཙམ་གྱི་མཐོ་རིམ་འཐུས་ཚབ་ཚོགས་པ་བཅས་གྲོས་ཚོགས་ལ་ཞུགས། ཁུ་པཱའི་གསར་བརྗེའི་གཙོ་འཛིན་ལའོ་ཨར་ཁཱ་སི་ཐི་ལོ་གྲོས་ཚོགས་ལ་ཞུགས།

ཁུ་པཱ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཏིས་ཡཱ་སི་ཁཱ་ནེ་ཨར་གྱིས་མགོ་རྩོམ་པའི་མཛད་སྒོའི་སྟེང་ཞུ་ཚིག་འབུལ་སྐབས་བསྟན་དོན། དེང་སྐབས་ཀྱི་འཛམ་གླིང་ཉམས་ཉེན་མང་བོར་འཕྲད་ཡོད་པ་དང་། རྒྱལ་སྤྱིའི་དཔལ་འབྱོར་སྒྲིག་ལམ་ལ་གནོད་པ་ཚབས་ཆེན་ཐེབས་ཡོད། རྒྱལ་ཁབ་དོན་བདུན་སྡེ་ཚོགས་དང་ཀྲུང་གོས་རྒྱལ་སྤྱིའི་གར་སྟེགས་སུ་རྒྱལ་ཁབ་མང་བོའི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པའི་འགན་ཁུར་ཆེན་པོ་ཁུར་དུ་བླངས་ཡོད་པ་དང་། མཐུན་སྒྲིལ་བྱས་ཏེ་འཕེལ་རྒྱས་དབང་ཆ་བརྩོན་ལེན་དང་རྒྱལ་སྤྱིའི་འབྲེལ་བའི་དམངས་གཙོ་ཅན་ལ་སྐུལ་འདེད་གཏོང་དགོས་ཟེར།

ཁོས་ནན་གྱིས་བསྟན་དོན། ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་གྲོས་འདོན་ལ་དོན་སྙིང་དང་རིན་ཐང་གལ་ཆེན་ལྡན་ལ། དཀྱེལ་ཡངས་རང་བཞིན་གྱི་གྲོས་འདོན་དེ་དྲང་བདེན་འདྲ་མཉམ་གྱི་རྒྱལ་སྤྱིའི་སྒྲིག་ལམ་གསར་བ་འཛུགས་པའི་དུས་རབས་ཀྱི་རླབས་རྒྱུན་དང་བསྟུན་ཡོད་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཞུ་ཚིག་འབུལ་སྐབས་བཤད་རྒྱུར། རྒྱལ་ཁབ་དོན་བདུན་སྡེ་ཚོགས་དང་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཕྱོགས་མང་རིང་ལུགས་ལ་གོང་བཀུར་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲོམ་གཞིའི་ནང་ནུས་པ་གལ་ཆེན་འདོན་སྤེལ་བྱེད་དགོས། མིག་སྔའི་རང་བྱུང་གནོད་འཚེ་དང་དབུལ་ཕོངས་སོགས་ཐུན་མོང་འགྲན་རྩོད་མདུན་ནས་འཛམ་གླིང་ཡོངས་ཀྱིས་འགུལ་སྐྱོད་སྤེལ་ནས། རིམ་པ་སོ་སོས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་དགོས་ཟེར། ཁོས་རྒྱལ་ཁབ་དོན་བདུན་སྡེ་ཚོགས་དང་ཀྲུང་གོས་ཧུར་ཐག་སྒོས་རང་སྟེང་གི་ནུས་ཤུགས་འདོན་སྤེལ་བྱས་ནས། མིའི་རིགས་ཡོངས་ཀྱི་ཕན་བདེ་ལ་ཕན་ཐོགས་ཡོད་པའི་རྒྱལ་སྤྱིའི་མ་ལག་འཛུགས་པར་སྐུལ་འདེད་གཏོང་དགོས་པའི་འབོད་སྐུལ་བཏང་།


བསོད་ནམས་ཚེ་རིང་གིས་བསྒྱུར།