དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་གྱི་ཧཱ་མཱ་སིའི་དམག་དོན་དམིགས་འབེན་ལ་བར་སྣང་འཇབ་རྒོལ་བྱས།
2023.09.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 32

དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཚེས་བཅོ་ལྔ་ཉིན་གྱི་དགོང་མོར་ཅཱ་ཧྲ་ས་ཁུལ་གྱི་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་དམག་དོན་དམིགས་འབེན་ལ་བར་སྣང་འཇབ་རྒོལ་བྱས། མིག་སྔར་མི་སྣར་ཤི་རྨས་བྱུང་བའི་སྙན་ཞུ་བསྒྲགས་མེད།

ཕཱ་ལེ་སི་ཐན་གྱི་བདེ་འཇགས་སྡེ་ཁག་གི་མི་སྣས་གསར་འགོད་པར་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲ་མཁར་གྱི་ལྷོ་ཕྱོགས་ས་ཁུལ་གྱི་ཧཱ་མཱ་སིའི་སོ་ལྟ་ཁང་གཉིས་ནས་འགས་གཏོར་གྱི་སྒྲ་ཆེན་པོ་གྲགས་པ་ཐོས་ཐུབ་ཟེར།

དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་དམག་དཔུང་གི་ཐེངས་འདིའི་བར་སྣང་འཇབ་རྒོལ་གྱི་དམིགས་ཡུལ་ནི་ཉིན་དེར་ཅཱ་ཧྲ་ས་ཁུལ་དང་དབྱི་སི་རལ་བར་གྱི་མཐའ་མཚམས་ས་ཁུལ་ནས་བྱུང་བའི་ངོ་རྒོལ་བྱ་འགུལ་ལ་ཟིལ་ཤུགས་སྟེར་བའི་ཆེད་དུ་ཡིན་ཟེར།

ཕཱ་ལེ་སི་ཐན་གྱི་གསར་འགྱུར་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཕཱ་ལེ་སི་ཐན་གྱི་རྔམ་སྟོན་ཁྲོམ་སྐོར་མཁན་བརྒྱ་ཕྲག་འགའ་ཡིས་ཉིན་དེའི་ཕྱི་དྲོར་ཅཱ་ཧྲ་ས་ཁུལ་དང་དབྱི་སི་རལ་གྱི་མཐའ་མཚམས་འགོག་རའི་ཉེ་འདབས་སུ་ངོ་རྒོལ་བྱ་འགུལ་སྤེལ་བར་མ་ཟད། འགོག་རའི་ལྟག་རྒྱབ་ཀྱི་དབྱི་སི་རལ་གྱི་དམག་དཔུང་ལ་འགད་རྫས་སོགས་གཡུགས་ནས་འཇབ་རྒོལ་བྱས་པ་དང་། དབྱི་སི་རལ་གྱི་དམག་མིས་མི་ཚོགས་ལ་མེ་མདས་བརྒྱབ་པར་མ་ཟད་དུད་འཕྱུར་འགད་རྫས་གཏོང་འཕེན་བྱས། འཁྲུག་རྩོད་དེ་ལས་ཉུང་མཐར་ཡང་ཕཱ་ལེ་སི་ཐན་གྱི་མི་བཅུ་གཉིས་ལ་རྨས་ཕོག་པ་དང་། དེའི་ནང་གསར་འགོད་པ་གཅིག་ཡོད། དབྱི་སི་རལ་གྱི་དམག་ཕྱོགས་ལ་ཤི་རྨས་བྱུང་མེད་ཟེར།

ད་ལོའི་ཚུན་ལ། ཕཱ་ལེ་སི་ཐན་དང་དབྱི་སི་རལ་ས་ཁུལ་གྱི་ཛ་དྲག་གནས་བབ་སྔར་ལས་ཇེ་སྡུ་ཏུ་སོང་། དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་དང་ཅོར་ཏན་གཙང་བོའི་ནུབ་འགྲམ། ཡེ་ལུའུ་སཱ་ལེམ་སོགས་ས་ཁུལ་ནས་ཕཱ་ལེ་སི་ཐན་གྱི་མིའི་བར་འཁྲུག་རྩོད་བྱས་ཏེ་མི་སྣ་མང་བོར་ཤི་རྨས་བཟོས་ཡོད་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།