ཧྥ་རན་སིའི་སྨྱན་བྱད་ཀྱིས་རྟེན་གཞིའི་རྩ་འཛུགས་ཀྱིས་ཧྥ་རན་སི་དང་སུའེ་ཏེན་ལ་འཇབ་རྒོལ་བྱེད་པའི་འཇིགས་སྐུལ་བྱས་ཡོད་པའི་ཚུལ་བསྟན།
2023.09.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 31

ཧྥ་རན་སིའི་སྨྱན་བྱད་ཀྱིས་ཚེས་བཅོ་ལྔ་ཉིན་བསྒྲགས་པ་ལྟར་ན། ཐལ་སྤྱོད་རྟེན་གཞི་རྩ་འཛུགས་ཀྱིས་ཉེ་སྔོན་ཧྥ་རན་སི་དང་སུའེ་ཏེན་གྱིས་དབྱི་སི་ལན་ཆོས་ལུགས་བར་འཐབ་འཁྲུག་བསླངས་པར་སྐྱོན་འཛུགས་བྱས་པ་དང་། རྒྱལ་ཁབ་དེ་གཉིས་ལ་འཇབ་རྒོལ་བྱེད་རྒྱུའི་འཇིགས་སྐུལ་བྱས།

བསྒྲགས་པ་ལྟར་ན། རྟེན་གཞི་རྩ་འཛུགས་ཀྱི་ཡེ་མིན་ཡན་ལག་རུ་ཁག་གིས་ཉེ་སྔོན་དྲ་ལམ་བརྒྱུད་དེ་ཡོ་རོབ་གླིང་དང་ཁྱད་པར་དུ་ཧྥ་རན་སི་དང་སུའེ་ཏེན་རྒྱལ་ཁབ་གཉིས་ལ་འཁོན་ལན་སློག་རྒྱུ་ཡིན་ཟེར།

ཧྥ་རན་སིའི་འཇིགས་སྐུལ་རིང་ལུགས་དབྱེ་ཞིབ་ལྟེ་གནས་ཀྱིས་ཧྥ་རན་སིའི་སྲིད་གཞུང་གིས་ངེས་པར་དུ་དོགས་ཟོན་མཐོར་འདེགས་བྱེད་དགོས་པ་དང་། རྒྱུ་མཚན་ནི་རྟེན་གཞི་རྩ་འཛུགས་ཀྱིས་ཕྱི་ཡུལ་ནས་འཇབ་རྒོལ་བྱེད་པའི་ནུས་པ་སླར་གསོ་བྱེད་བཞིན་ལ། ཁྱད་པར་དུ་ཨ་ཧྥུའུ་ཧན་དང་དབྱི་རག སི་རི་ཡཱ། དེ་མིན་ཨ་ཧྥེ་རི་ཁ་གླིང་གི་སཱ་ལེ་ཧི་ས་ཁུལ་བཅས་ཀྱི་འཇབ་རྒོལ་ནུས་པ་སླར་གསོ་བྱེད་བཞིན་ཡོད་པས་རེད་ཟེར།

ཧྥ་རན་སིའི་ནང་སྲིད་པུའུ་ཀྲང་ཏཱ་ཨར་མཱ་ཉིང་གིས་ཉེ་སྔོན་ཧྥ་རན་སིའི་བརྙན་འཕྲིན་ཁང་གཉིས་པའི་ལེ་ཚན་ཞིག་གི་ནང་བསྟན་དོན། ཧྥ་རན་སིར་ཕྱི་ཡུལ་གྱི་འཇབ་རྒོལ་ཐེབས་པའི་ཉེན་ཁ་ཧ་ཅང་ཆེ་བ་དང་། ཧྥ་རན་སིའི་ས་ཁོངས་རང་གི་འཇབ་རྒོལ་འབྱུང་བའི་ཉེན་ཁ་ཡང་ཧ་ཅང་ཆེ། ནང་སྲིད་པུའུ་ཡི་ཡིག་ཚགས་ཁྲོད་ང་ཚོས་དཔྱད་འཇོག་བྱས་པ་ལྟར་ན་མི་སྟོང་ལྔ་དང་བརྒྱད་བརྒྱས་འཇབ་རྒོལ་བྱ་སྤྱོད་སྤེལ་སྲིད་ཟེར།

ད་ལོའི་ཟླ་བརྒྱད་པའི་ཚེས་བཅོ་བརྒྱད་ཉིན་ནས་བཟུང་། སུའེ་ཏེན་གྱི་འབྲེལ་ཡོད་སྡེ་ཁག་གིས་མཐའ་མཚམས་དང་གནམ་གྲུ་ཐང་། སྤྱི་སྤྱོད་འགྲིམ་འགྲུལ་སོགས་ཁྱབ་ཁོངས་མང་བོའི་བདེ་འཇགས་བྱེད་ཐབས་ལ་ཤུགས་སྣོན་བྱས་ཏེ། མིག་སྔར་རྒྱལ་ཁབ་དེའི་མདུན་དུ་ལྷགས་པའི་འཇབ་རྒོལ་གྱི་འཇིགས་ཉེན་གནས་བབ་ཐག་གཅོད་བྱེད་བཞིན་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།