ཐུར་ཁེའི་རྒྱལ་སྲུང་པུའུ་ཡིས་ཚེས་བཅུ་དྲུག་ཉིན་བཤད་རྒྱུར། ཐུར་ཁེའི་མཁའ་དམག་གིས་དབྱི་རག་བྱང་ཕྱོགས་ས་ཁུལ་ནས་འཇིགས་སྐུལ་ཉེས་ཅན་ལ་བར་སྣང་འཇབ་རྒོལ་དྲག་པོ་བྱས་ཏེ། འཇིགས་སྐུལ་ཉེས་ཅན་མང་བོ་ཚར་གཅོད་བྱས་ཡོད་ཟེར།
ཐུར་ཁེའི་རྒྱལ་སྲུང་པུའུ་ཡིས་གསལ་སྒྲོག་ཅིག་གི་ནང་བཤད་རྒྱུར། ཚེས་བཅུ་གསུམ་ཉིན་ནས་ཚེས་བཅོ་ལྔ་ཉིན་བར། ཐུར་ཁེའི་མཁའ་དམག་གིས་དབྱི་རག་བྱང་ཕྱོགས་ས་ཁུལ་ནས་ཁུའུ་ཨར་ཏི་བཟོ་བའི་ཏང་གི་འཇིགས་སྐུལ་ཉེས་ཅན་དང་འཇིགས་སྐུལ་ཉེས་ཅན་གཞན་པར་དམིགས་པའི་བར་སྣང་འཇབ་རྒོལ་འགུལ་སྐྱོད་སྤེལ་ཏེ། འཇིགས་སྐུལ་ཉེས་ཅན་སྦས་སྐོང་བྱེད་སར་དོགས་པ་ཡོད་པའི་གནས་སོ་གཅིག་ལ་གཏོར་བཤིག་བཏང་། དེའི་ནང་མཛོད་ཁང་དང་བྲག་ཕུག་སོགས་འདུས། འཇིགས་སྐུལ་ཉེས་ཅན་མང་བོ་ཐེངས་འདིའི་ཤུགས་ཚད་དྲག་པའི་བར་སྣང་འཇབ་རྒོལ་འགུལ་སྐྱོད་ཁྲོད་ཚར་གཅོད་བྱས་ཡོད་ཟེར། གསལ་སྒྲོག་ལས་ད་རུང་བཤད་རྒྱུར། ཐུར་ཁེ་ཡིས་འཇིགས་སྐུལ་ཉེས་ཅན་ལ་ཆམ་ཕབ་གཏོང་བའི་འགུལ་སྐྱོད་མཚམས་འཇོག་མི་སྲིད་ཟེར།
ཁུའུ་ཨར་ཏི་བཟོ་བའི་ཏང་ནི་གཅིག་སྟོང་དགུ་བརྒྱ་དོན་དགུ་ལོར་བཙུགས་པ་དང་། ཐུར་ཁེ་དང་ཨ་མེ་རི་ཁ། ཡོ་རོབ་གླིང་མནའ་འབྲེལ་བཅས་ཀྱིས་འཇིགས་སྐུལ་རྩ་འཛུགས་ཀྱི་གྲས་སུ་བཞག་ཡོད། ཁུའུ་ཨར་ཏི་བཟོ་བའི་ཏང་གིས་དྲག་ཤུགས་ལ་བརྟེན་ནས་ཐུར་ཁེ་དང་དབྱི་རག དབྱི་ལིང་། སི་རི་ཡཱ་བཅས་ཀྱི་འབྲེལ་མཚམས་ས་ཁུལ་གྱི་ཁུའུ་ཨར་ཏིའི་མི་འདུས་སྡོད་བྱེད་སར་སྒེར་ཚུགས་ཀྱི་རྒྱལ་ཁབ་འཛུགས་པར་བརྩོན་ལེན་བྱེད་བཞིན་ཡོད། ཉེ་བའི་ལོ་འགའི་རིང་ལ། ཐུར་ཁེ་ཡིས་ཐེངས་མང་བོར་རྒྱལ་ཁོངས་བརྒལ་ནས་ཁུའུ་ཨར་ཏི་དྲག་ཆས་པའི་སྟོབས་ཤུགས་ལ་ཆམ་ཕབ་བཏང་བ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།