ཨུ་རུ་སི་ཡིས་ཝུའུ་ཁི་ལན་གྱི་དམག་དོན་བཀོད་འདོམ་ཁང་ལ་རྒོལ་རྡུང་བྱས་པའི་ཚུལ་བསྟན།
2023.09.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཚེས་བཅུ་བདུན་ཉིན་བཤད་རྒྱུར། ཨུ་རུ་སིའི་དམག་ཕྱོགས་ཀྱིས་ཕྱོགས་མང་བོ་ནས་ཝུའུ་ཁི་ལན་གྱི་དམག་དཔུང་མཐར་སྐྲོད་བཏང་བ་དང་། ཝུའུ་ཁི་ལན་གྱི་དམག་དཔུང་གི་ཏོན་ནེ་ཚི་ཁི་ས་ཁུལ་དུ་ཡོད་པའི་བཀོད་འདོམ་ཁང་ལ་རྒོལ་རྡུང་བྱས་པར་མ་ཟད། ལེ་ཏཱ་འགོག་པའི་འཕུར་མདའ་མང་བོ་བཀག་ཡོད་ཟེར། ཨུ་རུ་སིའི་ཕྱོགས་ཀྱིས་ད་རུང་མའོ་སི་ཁི་སོགས་ས་ཁུལ་མང་བོ་ནས་ཝུའུ་ཁི་ལན་གྱི་མི་བསྡད་མེད་པའི་གནམ་གྲུའི་འཇབ་རྒོལ་མང་བོ་ཕམ་ཉེས་སུ་བཏང་ཡོད་ཟེར།

ཝུའུ་ཁི་ལན་ཕྱོགས་ཀྱིས་བཤད་རྒྱུར། ཝུའུ་ཁི་ལན་དམག་ཕྱོགས་ཀྱིས་འཕུར་མདའ་བཀོལ་ནས་ཨུ་རུ་སིའི་མཁའ་སྲུང་འཕུར་མདའི་མ་ལག་དང་མདེལ་རྫས་ཀྱི་མཛོད་ཁང་། གློག་རྡུལ་འཐབ་འཁྲུག་མ་ལག་སོགས་དམིགས་འབེན་ལ་རྒོལ་རྡུང་བཏང་ཟེར། གཞན་ཡང་ཝུའུ་ཁི་ལན་གྱི་སྨྱན་བྱད་ཀྱིས་ཚེས་བཅོ་བརྒྱད་ཉིན་བསྒྲགས་པ་ལྟར་ན། ཝུའུ་ཁི་ལན་མཁའ་དམག་གིས་ཉིན་དེའི་ཞོགས་པར་ནེ་ཀུའུ་ལཱ་ཡེ་ཧྥུའུ་སོགས་ས་ཁུལ་ནས་ཨུ་རུ་སིའི་ཕྱོགས་ཀྱི་མི་བསྡད་མེད་པའི་གནམ་གྲུ་སར་འཕངས་ཡོད་ཟེར།

ཚེས་བཅུ་བདུན་ཉིན། ཧང་ག་རིའི་ཞིང་བ་དག་གིས་མཐའ་མཚམས་ཀྱི་གྲོང་རྡལ་ཆུང་བ་ཀྲ་ཧའོ་ནེ་ཉེ་འདབས་སུ་རྔམ་སྟོན་ཁྲོམ་སྐོར་བྱས་ཏེ། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཉེ་སྔོན་ཝུའུ་ཁི་ལན་གྱི་ཞིང་ཞོར་ཐོན་རྫས་ཀྱི་ཚོད་འཛིན་བྱེད་ཐབས་ཡང་བསྐྱར་ཇེ་རིང་དུ་མི་གཏོང་བའི་ཐག་གཅོད་བྱས་པར་ངོ་རྒོལ་བྱས། ཝུའུ་ཁི་ལན་གྱི་ཞིང་ཞོར་ཐོན་རྫས་རྒྱལ་མཚམས་བརྒལ་ནས་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་ཚོང་རར་གནོད་པ་བཟོས་ཡོད་སྟབས། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ད་ལོའི་ཟླ་ལྔ་བར་གནས་སྐབས་སུ་ཝུའུ་ཁི་ལན་གྱི་ཞིང་ཞོར་ཐོན་རྫས་རིགས་བཞི་ཧང་ག་རི་དང་ཕོ་ལན་སོགས་རྒྱལ་ཁབ་ལྔ་ནས་རང་དབང་ཉོ་ཚོང་བྱེད་པར་ཚོད་འཛིན་བྱེད་རྒྱུ་ཁྱབ་བསྒྲགས་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།