ཝུའུ་ཁི་ལན་གྱི་སྲིད་འཛིན་ལས་ཁུངས་ཀྱིས་རྒྱལ་སྲུང་པུའུ་ཡི་པུའུ་ཀྲང་གཞོན་པ་དྲུག་གི་ལས་འགན་མེད་པར་གཏོང་རྒྱུ་ཁྱབ་བསྒྲགས་བྱས།
2023.09.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 26

ཝུའུ་ཁི་ལན་གྱི་སྲིད་འཛིན་ལས་ཁུངས་ཀྱི་པུའུ་ཀྲང་ནེ་མུའུ་ཆན་ནོའུ་ཧྥུའུ་ཡིས་ཚེས་བཅོ་བརྒྱད་ཉིན་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ནས། ཝུའུ་ཁི་ལན་སྲིད་འཛིན་ལས་ཁུངས་ཀྱིས་ཉིན་དེའི་ཕྱི་དྲོར་ཨན་ནཱ་མཱ་ལེ་ཡཱ་ཨར་དང་བཅས་པའི་ཝུའུ་ཁི་ལན་གྱི་རྒྱལ་སྲུང་པུའུ་ཡི་པུའུ་ཀྲང་གཞོན་པ་དྲུག་དང་རྒྱལ་སྲིད་དྲུང་ཡིག་ཆེན་མོའི་ལས་འགན་མེད་པར་བཏང་ཡོད་ཟེར། ལས་འགན་མེད་པར་བཏངབའི་མིང་ཐོའི་ཁྲོད་ཝུའུ་ཁི་ལན་རྒྱལ་སྲུང་པུའུ་ཡི་པུའུ་ཀྲང་གཞོན་པ་དང་པོ་ཕཱ་ཧྥུའུ་ལིའུ་ཁི་འདུས་མེད།

ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་ཡིས་ཟླ་འདིའི་ཚེས་གསུམ་ཉིན་ཁྱབ་བསྒྲགས་བྱས་དོན། ཁོས་རྒྱལ་སྲུང་པུའུ་ཀྲང་ལེ་ཙི་ནེ་ཁི་ཧྥུའུ་ཡི་ལས་འགན་ལེན་རྒྱུ་ཐག་བཅད་པ་དང་། ཝུའུ་ཁི་ལན་གྱི་རྒྱལ་དབང་རྒྱུ་ནོར་ཐེབས་རྩ་ཚོགས་པའི་འགན་ཁུར་བ་ཝུའུ་མཱེ་ལོ་ཧྥུའུ་ཡིས་རྒྱལ་སྲུང་པུའུ་ཀྲང་གསར་བའི་འགན་ཁུར་བར་མིང་འདོན་བྱས། ཝུའུ་ཁི་ལན་གྱི་ཆེས་མཐའི་གྲོས་ཁང་གིས་དེའི་རྗེས་སུ་གྲོས་ཞིབ་བྱས་པ་དང་འདེམ་ཤོག་འཕངས་ནས་རྒྱལ་སྲུང་པུའུ་ཀྲང་ལེ་ཙི་ནེ་ཁི་ཧྥུའུ་ཡི་ལས་འགན་བླངས་པ་དང་། ཝུའུ་མཱ་ལོ་ཧྥུའུ་རྒྱལ་སྲུང་པུའུ་ཀྲང་གསར་བར་བསྐོ་འཇོག་བྱས་པ་རེད།

ཝུའུ་ཁི་ལན་གྱི་འབྲེལ་ཡོད་བཅའ་ཁྲིམས་ལྟར་ན། པུའུ་ཀྲང་གི་ལས་འགན་བླངས་པའི་གནས་ཚུལ་འོག ཝུའུ་ཁི་ལན་སྲིད་འཛིན་ལས་ཁུངས་ཀྱིས་སྡེ་ཁག་དེའི་པུའུ་ཀྲང་གཞོན་པ་དང་པོ་དང་པུའུ་ཀྲང་གཞོན་པའི་ལས་འགན་ཡང་ལེན་དགོས་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།