ཚོགས་ཡུན་ཉིན་གཉིས་ཡིན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་གྱི་མཐོ་རིམ་གྲོས་ཚོགས་ཚེས་བཅོ་བརྒྱད་ཉིན་ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་ཚོགས་མགོ་བརྩམས་པ་དང་། གྲོས་ཚོགས་ནས་རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་མངོན་འགྱུར་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བར་དམིགས་པའི་ཆབ་སྲིད་བསྒྲགས་གཏམ་ལ་གྲོས་འཆམ་བྱུང་།
བསྒྲགས་གཏམ་ལས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་ལ་མ་དངུལ་འདོན་སྤྲོད་བྱེད་རྒྱུ་ཁས་ལེན་བྱས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་བཏོན་པའི་ལོ་རེར་ཉུང་མཐར་ཡང་མེ་སྒོར་ཁྲག་ཁྲིག་ལྔའི་རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་གྱི་སྐུལ་སྤེལ་ཇུས་གཞི་དང་ཕན་ནུས་ལྡན་པའི་བུ་ལོན་ཇེ་ཉུང་དུ་གཏོང་བའི་རྐྱེན་སྲོལ་ལ་མངོན་གསལ་གྱིས་རྒྱབ་སྐྱོར་བྱས། བསྒྲགས་གཏམ་ལས་ད་རུང་ཕྱོགས་མང་བོའི་གསར་སྤེལ་དངུལ་ཁང་གི་ཚོང་ལས་རྣམ་པ་བཅོས་བསྒྱུར་བྱས་ཏེ་ཁག་ཁུར་ཐུབ་པའི་ཕན་འབྲས་ཀྱིས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་ལ་སྒེར་གྱི་མ་དངུལ་འདོན་སྤྲོད་བྱེད་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། ཀུའུ་ཐི་ལོས་སི་ཡིས་དུས་ཡོལ་འདྲ་མཉམ་མིན་པར་བཤད་པའི་རྒྱལ་སྤྱིའི་དངུལ་ལོར་སྒྲོམ་གཞིར་བཅོས་བསྒྱུར་བྱེད་པར་རྒྱབ་སྐྱོར་བྱེད་དགོས་ཟེར།
ཀུའུ་ཐི་ལོས་སི་ཡིས་མཐོ་རིམ་གྲོས་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་བཤད་རྒྱུར། རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་མངོན་འགྱུར་བྱེད་པར་གནད་འགག་གི་ཁྱབ་ཁོངས་དྲུག་ནས་འགུལ་སྐྱོད་སྤེལ་དགོས་པ་དང་། དེའི་ནང་ལྟོགས་སྡུག་གནད་དོན་ཐག་གཅོད་བྱེད་པ་དང་། ཡང་བསྐྱར་བེད་སྤྱོད་བྱས་ཆོག་པའི་ནུས་ཁུངས་སྤོར་བསྒྱུར་ཐད་ཀྱི་དངུལ་གཏོང་ཇེ་མང་དུ་གཏོང་བ། མི་ཚང་མས་མཉམ་འབྲེལ་དྲ་རྒྱ་མཉམ་སྤྱོད་བྱེད་པར་སྐུལ་འདེད་གཏོང་བ་སོགས་འདུས་ཟེར། ཁོས་ད་རུང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྱབ་ཁོངས་མི་འདྲ་བའི་ཐག་གཅོད་བྱེད་ཐབས་རྒྱས་བཤད་བྱས་པ་དང་། དེའི་ནང་འཛམ་གླིང་ཡོངས་ཀྱི་འབྲུ་རིགས་མ་ལག་བཅོས་བསྒྱུར་བྱེད་པ་དང་མི་རེ་རེར་བདེ་ཐང་གི་བཟའ་བཏུང་ཐོབ་པར་འགན་སྲུང་བྱེད་པ་སོགས་འདུས།
སྐབས་དོན་བརྒྱད་པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞི་ཧྥོ་ལིང་ཞི་སི་ཡིས་བསྟན་དོན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཁས་ལེན་བྱས་ཡོད་ཀྱང་། ཉིས་སྟོང་ཉེར་གཉིས་ལོའི་བར་མི་ཐེར་འབུམ་གཅིག་དང་དུང་ཕྱུར་གཉིས་ཀྱིས་སྔར་བཞིན་དབུལ་ཕོངས་ཁྲོད་འཚོ་བ་རོལ་བཞིན་ཡོད། ཉིས་སྟོང་སུམ་ཅུ་ལོའི་བར་འཛམ་གླིང་ཡོངས་སུ་ཧ་ལམ་བརྒྱ་ཆའི་བརྒྱད་ཀྱི་མི་གྲངས་ཀྱིས་ལྟོགས་སྡུག་མྱོང་སྲིད་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཁ་གྲངས་དེ་དག་དང་ལེན་བྱེད་ཐབས་མེད་ཟེར། ཁོས་ནན་གྱིས་བསྟན་དོན། མཐུན་སྦྱོར་གཅིག་གྱུར་དང་བློ་སྤོབས་ཆེན་མོའི་འགུལ་སྐྱོད་ལ་བརྟེན་ན་རྒྱལ་སྤྱིའི་སྤྱི་ཚོགས་སུ་ཉིས་སྟོང་སུམ་ཅུ་ལོའི་སྔོན་ལ་མི་དུང་ཕྱུར་གཅིག་དང་བྱེ་བ་གཉིས་ས་ཡ་བཞི་དབུལ་ཕོངས་ལས་ཐར་ཐུབ་ཟེར།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ནཱ་ཝ་ཨེ་སི་ཡིས་བསྟན་དོན། ཉིན་དེར་གྲོས་འཆམ་བྱུང་བའི་བསྒྲགས་གཏམ་ནི་རྒྱལ་ཁབ་སོ་སོས་རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་མངོན་འགྱུར་བྱེད་པར་ཁས་ལེན་དམ་བཅའ་བྱས་པའི་བདེན་དཔང་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།