དབྱི་ལིང་དང་ཨ་མེ་རི་ཁས་བཙོན་མའི་བརྗེ་སྤོར་དང་རྒྱུ་ནོར་ཉར་འཇོག་གི་གྲོས་མཐུན་ལག་བསྟར་བྱས།
2023.09.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 41

དབྱི་ལིང་གི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཁཱ་ནཱ་ནེ་ཡིས་ཚེས་བཅོ་བརྒྱད་ཉིན་ཏི་ཧེ་ལན་ནས་སྤེལ་བའི་གཟའ་འཁོར་རེའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། ཨ་མེ་རི་ཁའི་བཙོན་ཁང་དུ་བཀག་འཇུག་བྱས་ཡོད་པའི་དབྱི་ལིང་གི་སྤྱི་དམངས་ལྔ་བཙོན་གྲོལ་བཏང་བ་དང་། དེའི་ཞོར་དུ་དབྱི་ལིང་དུ་བཀག་འཇུག་བྱས་ཡོད་པའི་ཨ་མེ་རི་ཁའི་བཙོན་མ་ལྔ་ཡང་བཙོན་གྲོལ་བཏང་ཡོད་ཟེར།

དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཁཱ་ནཱ་ནེ་ཡིས་བཤད་རྒྱུར། བཙོན་གྲོལ་བཏང་བའི་དབྱི་ལིང་གི་སྤྱི་དམངས་གཉིས་དབྱི་ལིང་དུ་ལོག་ཡོད་པ་དང་། དབྱི་ལིང་གི་མི་གཞན་པ་གཉིས་ཨ་མེ་རི་ཁར་སྡོད་རྒྱུ་ཡིན་ལ། ད་རུང་མི་གཅིག་རྒྱལ་ཁབ་གཞན་པར་སོང་ནས་ཁྱིམ་མི་དང་ལྷན་འཛོམས་བྱེད་རྒྱུ་རེད་ཟེར།

ཁཱ་ནཱ་ནེ་ཡིས་ད་རུང་བསྟན་དོན། ཧན་གོའི་དངུལ་ཁང་གཉིས་ཀྱིས་བཀག་ཉར་བྱས་པའི་དབྱི་ལིང་གི་མེ་སྒོར་ཐེར་འབུམ་དྲུག་གི་རྒྱུ་ནོར་བཀག་རྒྱ་མེད་པར་བཏང་ནས་དབྱི་ལིང་གི་མཛའ་མཐུན་རྒྱལ་ཁབ་ཀྱི་རྩིས་ཐོའི་སྟེང་བཞག་ཡོད་ཟེར།

དབྱི་ལིང་ཀྲུང་དབྱང་དངུལ་ཁང་གི་མགོ་བ་ཧྥ་ཨར་ལོས་ཀྱིས་ཉིན་དེར་བདེན་དཔང་བྱས་དོན། བཀག་རྒྱ་མེད་པར་བཏང་བའི་དབྱི་ལིང་གི་མ་དངུལ་དེ་ཁཱ་ཐར་མངའ་ཁོངས་ཀྱི་དངུལ་ཁང་རྩིས་ཐོའི་སྟེང་བསྐོར་བ་རེད་ཟེར།

དབྱི་ལིང་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། བཙོན་གྲོལ་བཏང་བའི་ཨ་མེ་རི་ཁའི་སྤྱི་དམངས་བསྡད་ཡོད་པའི་ཁཱ་ཐར་གྱི་གནམ་གྲུ་ཞིག་ཉིན་དེའི་ཕྱི་དྲོར་ཏི་ཧེ་ལན་དང་བྲལ་ཟེར། གནས་ཚུལ་ཤེས་མཁན་གྱིས་བཤད་རྒྱུར། གོང་སྨྲས་ཀྱི་ཨ་མེ་རི་ཁའི་མི་དེ་དག་ཁཱ་ཐར་གྱི་རྒྱལ་ས་ཏའོ་ཧཱ་རུ་འབྱོར་རྗེས་ཨ་མེ་རི་ཁར་ལོག་རྒྱུ་རེད་ཟེར།

ཨ་མེ་རི་ཁའི་ཙུང་ཐུང་པེད་ཏིན་གྱིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། དབྱི་ལིང་ཕྱོགས་ཀྱིས་བཀག་འཇུག་བྱས་པའི་ཨ་མེ་རི་ཁའི་སྤྱི་དམངས་ལྔ་ཉིན་དེར་བཙོན་གྲོལ་བཏང་བ་ཁས་ལེན་བྱས། པེད་ཏིན་གྱིས་གསལ་སྒྲོག་ནང་ད་རུང་བཤད་རྒྱུར། ཨ་མེ་རི་ཁས་དབྱི་ལིང་སྔོན་ཆད་ཀྱི་ཙུང་ཐུང་ནེ་ཅཱ་ཏི་དང་དབྱི་ལིང་གསང་འཕྲིན་སྡེ་ཁག་ལ་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱེད་རྒྱུ་ཡིན་ལ། དེའི་རྒྱུ་མཚན་ནི་འབྲེལ་ཡོད་མི་སྒེར་དང་ལས་ཁུངས་དེ་ཨ་མེ་རི་ཁའི་སྤྱི་དམངས་ནོར་འཆུག་གིས་བཀག་འཇུག་བྱེད་པའི་བྱ་བར་ཞུགས་ཡོད་པས་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།