དབྱི་སི་རལ་གྱི་དམག་དཔུང་གིས་ཅོར་ཏན་གཙང་བོའི་ནུབ་འགྲམ་དང་ཅཱ་ཧྲ་ས་ཁུལ་ནས་ཕཱ་ལེ་སི་ཐན་གྱི་མི་གསུམ་བསད།
2023.09.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 16

ཕཱ་ལེ་སི་ཐན་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཚེས་བཅུ་དགུ་ཉིན་ཅོར་ཏན་གཙང་བོའི་ནུབ་འགྲམ་བྱང་ངོས་ཀྱི་ཅེ་ཉིང་ས་ཁུལ་དང་ཅཱ་ཧྲ་ས་ཁུལ་ནས་ཕཱ་ལེ་སི་ཐན་གྱི་མིའི་བར་འཁྲུག་རྩོད་བྱས་ཏེ། ཕཱ་ལེ་སི་ཐན་གྱི་མི་གསུམ་འཁྲུག་རྩོད་ཁྲོད་བསད་པ་རེད་ཟེར།

ཕཱ་ལེ་སི་ཐན་བདེ་འཇགས་སྡེ་ཁག་གི་མི་སྣས་གསར་འགོད་པར་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་ཅེ་ཉིང་གི་ཡུལ་གྱར་བའི་སྒར་སར་ཡོང་ནས་སྔོག་བཤེར་འགུལ་སྐྱོད་སྤེལ་སྐབས་ས་དེའི་ཕཱ་ལེ་སི་ཐན་གྱི་མིའི་བར་འཁྲུག་རྩོད་བྱུང་བ་དང་། ཡུལ་དངོས་ནས་མེ་མདའི་སྒྲ་དང་འགས་གཏོར་གྱི་སྒྲ་མང་དུ་ཐོས་ཐུབ་ཟེར། ཕཱ་ལེ་སི་ཐན་གྱི་འཕྲོད་བསྟེན་པུའུ་ཡིས་གསལ་སྒྲོག་སྤེལ་ནས་བཤད་རྒྱུར། འཁྲུག་རྩོད་དེ་ལས་ཕཱ་ལེ་སི་ཐན་གྱི་མི་གཉིས་བསད་པ་དང་གཞན་ཡང་མི་སུམ་ཅུ་ལྷག་ལ་རྨས་ཕོག་ཡོད་ཟེར།

དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཉིན་དེར་གསལ་སྒྲོག་སྤེལ་ནས། དབྱི་སི་རལ་གྱི་དམག་དཔུང་གིས་ཐེངས་འདིའི་འགུལ་སྐྱོད་ཁྲོད་མི་བསྡད་མེད་པའི་གནམ་གྲུ་བཀོལ་ནས་དཔུང་འཇུག་བྱས་པ་ཡིན་ཟེར།

གཞན་ཡང་ཅཱ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་ཚེས་བཅུ་དགུ་ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ནས། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཅཱ་ཧྲའི་ལྷོ་ངོས་ཀྱི་དབྱི་སི་རལ་དང་ཉེ་བའི་རྒྱལ་མཚམས་ས་ཁུལ་ནས་འཁྲུག་རྩོད་བྱེད་སྐབས་ཕཱ་ལེ་སི་ཐན་གྱི་མི་གཅིག་བསད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།