ཀྲུང་གོ་དང་ཨུ་རུ་སི་ཡིས་སྐོར་ཐེངས་བརྒྱད་པའི་འཐབ་ཇུས་བདེ་འཇགས་གྲོས་མོལ་བསྡུས།
2023.09.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 23

ཟླ་དགུ་བའི་ཚེས་བཅུ་དགུ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན། ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཝང་དབྱེ་ཡིས་མའོ་སི་ཁོ་ནས་ཨུ་རུ་སིའི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་གྲོས་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕཱ་ཐི་ལུའུ་ཧྲི་ཧྥུའུ་དང་མཉམ་དུ་ཀྲུང་གོ་དང་ཨུ་རུ་སིའི་སྐོར་ཐེངས་བརྒྱད་པའི་འཐབ་ཇུས་བདེ་འཇགས་གྲོས་མོལ་བསྡུས། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་རོགས་ལས་ཇེ་ཟབ་ཏུ་གཏོང་བའི་ཐད་ནས་བསམ་འཆར་བརྗེ་རེས་ཟབ་མོ་བྱས་པ་དང་། མཐུན་སྦྱོར་ལ་ཤུགས་བསྣན་ནས་ཡིད་ཆེས་ཇེ་དྲག་ཏུ་བཏང་།

ཝང་དབྱེ་ཡིས་བསྟན་དོན། ཀྲུང་གོ་དང་ཨུ་རུ་སིའི་འཐབ་ཇུས་བདེ་འཇགས་གྲོས་མོལ་རྐྱེན་སྲོལ་དེ་རྒྱལ་ཁབ་གཉིས་ཀྱི་དུས་རབས་གསར་བའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ལས་གྲོགས་པོའི་འབྲེལ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ཆ་ནས། ཀྲུང་གོ་དང་ཨུ་རུ་སིའི་ཆབ་སྲིད་ཡིད་ཆེས་ཟབ་མོ་དང་འཐབ་ཇུས་རོགས་ལས་ཀྱི་ཁྱབ་རྒྱ་མངོན་པར་མཚོན་ཡོད། རྐྱེན་སྲོལ་དེ་བཙུགས་པའི་ཚུན་ལ། ཕན་ནུས་ལྡན་པའི་སྒོ་ནས་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོབ་བྱས་པ་དང་། འཛམགླིང་ཡོངས་ཀྱི་འཐབ་ཇུས་གཏན་འཇགས་དང་དེ་མིན་ས་ཁུལ་གྱི་གནད་དོན་གལ་ཆེན་ཐག་གཅོད་བྱེད་པའི་ཐད་ཡང་བློ་གྲོས་དང་སྟོབས་ཤུགས་བཏོན་ཡོད། ཕྱོགས་གཉིས་ཀྱིས་ཕན་ཚུན་གྱི་ཁེ་ཕན་གཙོ་བོར་འབྲེལ་བའི་གནད་དོན་ཐད་ནས་ཕན་ཚུན་རྒྱབ་སྐྱོར་གང་ལེགས་བྱས་ཏེ། ཕྱོགས་ཡོངས་ཀྱི་འཐབ་ཇུས་རོག་སལས་གྲོགས་པོའི་དགོས་ངེས་ཀྱི་ནང་དོན་མངོན་པར་བྱས་ཡོད། ང་ཚོས་ཨུ་རུ་སིའི་ཕྱོགས་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་མགོ་གཙོའི་ཐུན་མོང་ལྟ་ཚུལ་གལ་ཆེན་དེ་གཞི་རྩའི་སྲུང་བྱར་བྱས་ནས། སྔར་ལས་ལྷག་པའི་སྒོག་ནས་རྐྱེན་སྲོལ་ནུས་པ་འདོན་སྤེལ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་འཛམ་གླིང་ཡོངས་ཀྱི་ཞི་བདེ་དང་གཏན་འཇགས་ལ་སྐུལ་འདེད་གཏོང་བའི་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་འདོད་ཡོད་ཟེར།

ཕཱ་ཐི་ལུའུ་ཧྲི་ཧྥུའུ་ཡིས་བསྟན་དོན། ད་ལོའི་ཚུན་ལ། རྒྱལ་ཁབ་གཉིས་ཀྱི་མགོ་གཙོའི་འཐབ་ཇུས་ཁྲིད་སྟོན་འོག ཨུ་རུ་སི་དང་ཀྲུང་གོའི་འབྲེལ་བ་བདེ་བླག་ངང་འཕེལ་རྒྱས་སུ་སོང་བ་དང་། དངོས་གཉེར་མཉམ་ལས་ལ་གོ་རིམ་ལྡན་པར་སྐུལ་འདེད་བཏང་། ཕྱོགས་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་རྒྱབ་སྐྱོར་བྱེད་བཞིན་ཡོད། རྒྱལ་སྤྱིའི་བདེ་འཇགས་གནས་བབ་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་དང་འཁྲུག་རྩོད་མང་དུ་འབྱུང་བའི་འགྲན་རྩོད་མདུན་ནས་ཨུ་རུ་སི་དང་ཀྲུང་གོར་ཕྱི་ཕྱོགས་ཀྱི་ཤུགས་རྐྱེན་དང་ཐེ་གཏོགས་མ་ཐེབས་པར། སྒེར་ཚུགས་རང་བདག་རྒྱུན་འཁྱོངས་དང་འཐབ་ཇུས་རོགས་ལས་ལ་ཤུགས་སྣོན་བྱས་ཏེ། ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ལས་གྲོགས་པོའི་འབྲེལ་བའི་ཐུན་མིན་རིན་ཐང་མངོན་པར་བྱས་ཡོད། ཨུ་རུ་སིའི་ཕྱོགས་ཀྱིས་ཀྲུང་གོའི་ཐེ་ཝན་དང་ཞིན་ཅང་། བོད། ཞང་ཀང་སོགས་གནད་དོན་ཐད་ཀྱི་ཡང་དག་པའི་ལངས་ཕྱོགས་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་པ་དང་། ནུབ་ཕྱོགས་རྒྱལ་ཁབ་དག་གིས་ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་བྱེད་པར་ངོ་རྒོལ་བྱེད་བཞིན་ཡོད། ཨུ་རུ་སིའི་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་འཛམ་གླིང་ཡོངས་ཀྱི་གྲོས་འདོན་ཆེན་མོ་གསུམ་ལ་གཟེངས་བསྟོད་དང་རྒྱབ་སྐྱོར་བྱེད་བཞིན་ཡོད་ལ། མཉམ་དུ་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ། ཐ་ན་འཛམ་གླིང་ཡོངས་ཀྱི་གཏན་འཇགས་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་ཨུ་རུ་སིའི་འཐབ་ཇུས་གཏན་འཇགས་གྲོས་མོལ་སྤེལ་ནས་ཁྲིམས་བསྟར་བདེ་འཇགས་དང་གསར་དར་ཚན་རྩལ་གྱི་འཛམ་གླིང་ཡོངས་ཀྱི་བཅོས་སྐྱོང་སོགས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་པར་ཡིད་འཐད་བྱུང་།

ཕྱོགས་གཉིས་ཀྱིས་ད་རུང་མུ་མཐུད་དུ་ཧྲང་ཧེ་མཉམ་ལས་རྩ་འཛུགས་དང་གསེར་གྱོམ་རྐྱེན་སྲོལ་སོགས་ཕྱོགས་མང་སྒྲོམ་གཞིའི་ནང་གི་རོགས་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།