སྐབས་དོན་བརྒྱད་པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་སྤྱིར་བཏང་གི་དཔྱད་གླེང་ཚོགས་འདུ་ཚེས་བཅུ་དགུ་ཉིན་ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་སྤེལ་མགོ་བརྩམས། རྒྱལ་ཁབ་མང་བོའི་མགོ་གཙོ་དང་སྲིད་གཞུང་གི་མགོ་ཁྲིད་པ། མཐོ་རིམ་འཐུས་མི་བཅས་ཀྱིས་རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་ལ་སྐུལ་འདེད་གཏོང་བ་དང་། ནམ་ཟླའི་ཉམས་ཉེན་ཐག་གཅོད་བྱེད་པ། ཇེ་སྡུག་ཏུ་འགྲོ་བཞིན་པའི་བདེ་འཇགས་གནས་བབ་ཞི་འཇགས་སུ་གཏོང་བ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བ་སོགས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཐུན་མོང་གིས་དོ་སྣང་བྱེད་པའི་གནད་དོན་དང་འགྲན་རྩོད་གལ་ཆེན་ཐད་ནས། རྒྱལ་ཁབ་རང་རང་གི་ལངས་ཕྱོགས་བསྟན་པར་མ་ཟད་ཐག་གཅོད་ཇུས་གཞི་བཏོན།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་གཏམ་བཤད་སྤེལ་སྐབས་འཛམ་གླིང་ཧྲིལ་བོ་སྔར་ལས་གཏན་འཇགས་མིན་པའི་རྣམ་པར་འགྱུར་བཞིན་ཡོད་ཅིང་། ས་ཁུལ་བར་གྱི་ཆབ་སྲིད་གནས་བབ་ཛ་དྲག་ཏུ་འགྱུར་བཞིན་ཡོད་པ་དང་། འཛམ་གླིང་ཧྲིལ་བོ་སྣེ་མང་ཅན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བཞིན་ཡོད་ལ། ཞི་བདེ་དང་བདེ་འཇགས་ཐད་སྔར་མེད་ཀྱི་གནོན་ཤུགས་འབྱུང་བཞིན་ཡོད་པར་མ་ཟད། ཉིང་རྡུལ་དམག་འཕྲིའི་བྱ་བ་མཚམས་བཞག་པ་དང་། འཛམ་གླིང་གི་དཔལ་འབྱོར་དང་དངུལ་ལོར་མ་ལག ཉོ་ཚོང་འབྲེལ་བ་བཅས་མཚམས་ཆད་པའི་རྣམ་པ་སྔར་ལས་ཚབས་ཆེན་དུ་འགྱུར་བཞིན་ཡོད། དེའི་ཞོར་དུ་འདྲ་མཉམ་མིན་པའི་སྣང་ཚུལ་ཇེ་སྡུག་ཏུ་འགྲོ་བ་དང་། འཁོན་འཛིང་གི་གཏམ་བཤད་ཇེ་མང་དུ་འགྲོ་བཞིན་ཡོད་ལ། མི་ཆོས་རིང་ལུགས་མ་ལག་དེ་ཉམས་དམས་ཀྱི་མཐའ་རུ་གནས་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་དེ་ནམ་ཟླའི་ཉམས་ཉེན་ནས་ལག་རྩལ་གསར་བསྒྱུར་སོགས་མིའི་རིགས་ཀྱི་འཚོ་སྡོད་ལ་འབྲེལ་བའི་འཇིགས་ཉེན་རབ་དང་རིམ་པར་འཕྲད་ཡོད་ཟེར།
ཀུའུ་ཐི་ལོས་སི་ཡིས་འཛམ་གླིང་ཡོངས་ཀྱི་ཕྱོགས་མང་མ་ལག་ལ་བཅོས་བསྒྱུར་བྱེད་དགོས་ཤིང་། དེང་སྐབས་འཛམ་གླིང་ཡོངས་ཀྱི་ད་ལྟའི་གནས་བབ་ལ་གཞིགས་ནས་བདེ་འཇགས་ལས་འཛིན་ལྷན་ཚོགས་བཅོས་བསྒྱུར་བྱེད་དགོས་པ་དང་། རྒྱལ་སྤྱིའི་དངུལ་ལོར་སྒྲོམ་གཞི་སླར་གསོ་བྱས་ནས། དེར་ངེས་པ་དོན་གྱི་ཡོངས་ཁྱབ་རང་བཞིན་ལྡན་པར་བྱས་ཏེ། དཀའ་སྡུག་གི་གནས་སུ་ལྷུང་བའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འཛམ་གླིང་ཡོངས་ཀྱི་བདེ་འཇགས་དྲ་བར་འགྱུར་བར་བྱེད་དགོས་པའི་འབོད་སྐུལ་བཏང་། ཁོས་རྒྱལ་ཁབ་སོ་སོས་འཛམ་གླིང་ཡོངས་ཀྱི་མི་ཆོས་རིང་ལུགས་ཀྱི་ཞལ་འདེབས་འབུལ་བའི་བྱ་འགུལ་ཐད་མ་དངུལ་འདོན་སྤྲོད་བྱེད་པ་དང་། ལོ་རེར་མེ་སྒོར་ཁྲག་ཁྲིག་ལྔའི་རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་ལ་སྐུལ་སྤེལ་བྱེད་པའི་ཇུས་གཞི་ལག་བསྟར་བྱེད་དགོས་ལ། ཞོར་དུ་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དང་གསར་དར་དཔལ་འབྱོར་ཚོགས་པའི་ནོར་སྲིད་ཁུར་བོ་ཇེ་ཡང་དུ་གཏོང་དགོས་པའི་འབོད་སྐུལ་བཏང་།
ཀུའུ་ཐི་ལོས་སི་ཡིས་ནན་གྱིས་བསྟན་དོན། འཛམ་གླིང་ལ་མཁོ་བ་ནི་ཆབ་སྲིད་ཀྱི་བློ་གྲོས་ཡིན་པ་ལས་གཡོ་ཐབས་དང་ཛ་དྲག་གི་གནས་བབ་མིན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འགལ་བ་མེད་པར་བཏང་ནས་ཞི་བདེ་བསྐྲུན་པ་དང་། མི་ཚང་མའི་ལ་རྒྱ་དང་རིན་ཐང་ལ་སྲུང་སྐྱོབ་བྱས་ནས་རྒྱུན་མཐུད་འཕེལ་རགྱས་དམིགས་འབེན་མངོན་འགྱུར་བྱེད་པ། མི་གང་རུང་རྗེས་སུ་ལུས་སུ་མི་འཇུག་པར་དུས་རབས་ཉེར་གཅིག་པའི་ཆེད་དུ་ཕྱོགས་མང་རིང་ལུགས་བཅོས་བསྒྱུར་བྱེད་པ་དང་ཐུན་མོང་ཁེ་ཕན་གྱི་ཆེད་དུ་མཐུན་སྒྲིལ་གཅིག་གྱུར་བྱེད་དགོས་ཟེར།
སྐབས་དོན་བརྒྱད་པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞི་ཧྥོ་ལིང་ཞི་སི་ཡིས་ཚོགས་མགོ་རྩོམ་པའི་མཛད་སྒོར་མགོ་འཛིན་བྱས། ཁོས་གཏམ་བཤད་སྤེལ་སྐབས་རྒྱལ་ཁབ་ཚང་མས་ཡིད་ཆེས་དང་མཐུན་སྒྲིལ་སླར་གསོ་བྱེད་དགོས་པའི་འབོད་སྐུལ་བཏང་། ཁོས་བཤད་རྒྱུར། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱུ་ཤུགས་དང་ཐོན་ཁུངས་གལ་ཆེན་བེད་སྤྱད་དེ། ནམ་ཟླའི་འགྱུར་ལྡོག་ལ་འཚམ་པར་བྱེད་པ་དང་བསྟུན་ཤུགས་ཇེ་ཆེར་གཏོང་བའི་ཐད་ཤུགས་རྐྱེན་ཐེབས་སླ་བའི་མི་ཚོགས་ལ་རྒྱབ་སྐྱོར་བྱེད་དགོས་ཟེར། ཁོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མྱུར་མོར་འགུལ་སྐྱོད་སྤེལ་ནས་དེང་སྐབས་ཀྱི་སྣ་མང་རྙོག་འཛིང་གི་འགྲན་རྩོད་ཐག་གཅོད་བྱེད་པ་དང་། བར་ཁྱད་མེད་པར་གཏོང་བ་དང་འགལ་བ་ཇེ་ཆུང་དུ་བཏང་སྟེ། ཧུར་ཐག་སྒོས་འཛམ་གླིང་ཡོངས་ཀྱི་མི་རེ་རེར་ཞི་བདེ་དང་དར་རྒྱས། གོང་སྤེལ། རྒྱུན་མཐུད་རང་བཞིན་བཅས་ལྡན་པར་བྱེད་དགོས་པའི་འབོད་སྐུལ་བཏང་།
སྐབས་འདིའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་སྤྱིར་བཏང་གི་དཔྱད་གླེང་ཚོགས་འདུའི་བརྗོད་སྙིང་ནི་ཡིད་ཆེས་དང་མཐུན་སྒྲིལ་སླར་གསོ་བྱས་ཤིང་། འགུལ་སྐྱོད་མྱུར་དུ་སྤེལ་ནས་ཉིས་སྟོང་སུམ་ཅུ་ལོའི་བར་གྱི་གྲོས་རིམ་དང་དེའི་རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་དངོས་འབེབས་བྱས་ཏེ། མི་ཚང་མའི་ཆེད་དུ་ཞི་བདེ་དང་དར་རྒྱས། གོང་སྤེལ། རྒྱུན་མཐུད་རང་བཞིན་བཅས་ལ་སྐུལ་འདེད་གཏོང་དགོས་ཞེས་པ་དེ་རེད།
མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་ཞིབ་དང་ལྟ་རྟོག ཞིབ་བཤེར་ལས་ཁུངས་གལ་ཆེན་ཞིག་ཡིན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཚང་མས་མཉམ་དུ་གྲུབ་ཡོད། ཚོགས་ཆེན་དེས་ལོ་རེའི་ཟླ་དགུ་བ་ནས་ཟླ་བཅུ་གཉིས་པའི་བར་རྒྱུན་ལས་གྲོས་ཚོགས་བསྡུ་བ་ཡིན། རྒྱུན་ལས་གྲོས་ཚོགས་དེ་སྤྱིར་བཏང་དུ་དུས་རིམ་གཉིས་སུ་དགར་ཡོད་ལ། དུས་རིམ་སྔོན་མ་ནི་སྤྱིར་བཏང་རང་བཞིན་གྱི་དཔྱད་གླེང་དུས་རིམ་ཡིན་པ་དང་། དུས་རིམ་རྗེས་མ་ནི་ཚོགས་ཆེན་ནས་གྲོས་རིམ་དུ་བཞག་པའི་གྲོས་གཞི་སྣ་ཚོགས་ལ་གྲོས་ཞིབ་བྱེད་པའི་དུས་རིམ་ཡིན།
བསོད་ནམས་ཚེ་རིང་གིས་བསྒྱུར།