ཐུ་ནི་ཞི་ཡཱ་ཡིས་ཁྲིམས་འགལ་གནས་སྤོར་སྡོད་དམངས་དང་ལྐོག་འབྲོས་རྩ་འཛུགས་མཁན་སྟོང་གཅིག་ལྷག་འཛིན་བཟུང་བྱས།
2023.09.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

ཐུ་ནི་ཞི་ཡཱའི་བདེ་འཇགས་སྡེ་ཁག་གིས་ཚེས་བཅོ་བརྒྱད་ཉིན་གྱི་དགོང་མོར་བཤད་རྒྱུར། ཐུ་ནི་ཞི་ཡཱའི་ཁྲིམས་འཛིན་ལས་ཁུངས་ཀྱིས་ཉེ་སྔོན་ཐུ་ནི་ཞི་ཡཱའི་ཤར་ཕྱོགས་ཀྱི་སི་ཧྥ་ཁི་སི་ཞིང་ཆེན་ནས་ལྐོག་འབྲོས་བྱ་སྤྱོད་ལ་ཆམ་ཕབ་གཏོང་བའི་འགུལ་སྐྱོད་སྤེལ་སྐབས། ཁྲིམས་འགལ་གནས་སྤོར་སྡོད་དམངས་དང་ལྐོག་འབྲོས་རྩ་འཛུགས་བྱེད་མཁན་མི་སྟོང་གཅིག་དང་ཉིས་བརྒྱ་ལྷག་འཛིན་བཟུང་བྱས་ཡོད་ཟེར།

ཐུ་ནི་ཞི་ཡཱའི་རྒྱལ་དམངས་ཉེན་སྲུང་རུ་ཁག་གི་མགྲིན་ཚབ་པ་ཅེ་པཱ་པུས་ཀྱིས་ཚེས་བཅོ་བརྒྱད་ཉིན་གྱི་དགོང་མོར་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཐུ་ནི་ཞི་ཡཱའི་རིམ་པ་སོ་སོའི་ཁྲིམས་བསྟར་ལས་ཁུངས་ཀྱིས་འདས་པའི་དུས་ཚོད་ཉེར་བཞིའི་རིང་ཁྲིམས་འགལ་གནས་སྤོར་སྡོད་དམངས་དང་ལྐོག་འབྲོས་རྩ་འཛུགས་བྱེད་མཁན་གྱི་དོགས་ཡོད་ཉེས་ཅན་མང་བོ་འཛིན་བཟུང་བྱས་པ་དང་། དེའི་ནང་ཁྲིམས་འགལ་གནས་སྤོར་སྡོད་དམངས་སྟོང་གཅིག་ལྷག་སཱ་ཧཱ་ལཱ་ལྷོ་ངོས་ཀྱི་རྒྱལ་ཁབ་དག་ནས་ཡོང་བ་རེད་ཟེར།

ཟླ་དགུ་བའི་ཚེས་བཅོ་ལྔ་ཉིན་གྱི་ཚུན་ལ། ཐུ་ནི་ཞི་ཡཱའི་སི་ཧྥ་ཁི་སི་ཞིང་ཆེན་གྱི་མཚོ་འགྲམ་ས་ཁུལ་དུ་གཞི་རྒྱ་ཆེ་བའི་ལྐོག་འབྲོས་ལ་ཆམ་ཕབ་གཏོང་བའི་འགུལ་སྐྱོད་སྤེལ་བ་རེད།

ཐུ་ནི་ཞི་ཡཱ་ནི་ཨ་ཧྥེ་རི་ཁ་གླིང་སྐམ་ས་ཆེན་མོའི་བྱང་སྣེ་རུ་གནས་པ་དང་། དབྱི་ཐཱ་ལེ་སོགས་ཡོ་རོབ་གླིང་གི་རྒྱལ་ཁབ་དག་གི་བར་ས་དཀྱིལ་མཚོ་ཁོངས་ཀྱིས་ཆོད་ཡོད། ཉེ་བའི་ལོ་འགའི་རིང་ལ། ཐུ་ནི་ཞི་ཡཱ་བརྒྱུད་དེ་དབྱི་ཐཱ་ལེ་རུ་ལྐོག་འབྲོས་བྱེད་པའི་དོན་རྐྱེན་མང་དུ་འབྱུང་བཞིན་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།