ཨུ་རུ་སིའི་ཙུང་ལི་གཞོན་པ་ནོའུ་ཝ་ཁི་ཡིས་ཚེས་ཉི་ཤུ་ཉིན་བཤད་རྒྱུར། ཚོད་དཔག་བྱས་ན་ད་ལོར་ཨུ་རུ་སིའི་རྡོ་སྣུམ་ཐོན་ཚད་ཏུན་དུང་ཕྱུར་ལྔ་དང་བྱེ་བ་གཉིས་ས་ཡ་བདུན་ཡིན་པ་དང་། རང་བྱུང་སོལ་རླངས་ཀྱི་ཐོན་ཚད་སྨིད་རྒྱ་དཔངས་གྲུ་བཞི་མ་ཁྲག་ཁྲིག་དྲུག་དང་ཐེར་ཆེན་བཞི་ཐེར་འབུམ་གཉིས་ལ་བསླེབས་སྲིད་ཟེར།
ནོའུ་ཝ་ཁི་ཡིས་ཉིན་དེར་ཨུ་རུ་སིའི་ཁྱིག་མེན་མངའ་སྡེའི་ལྟེ་གནས་གྲོང་ཁྱེར་ཁྱིག་མེན་ནས་བསྡུས་པའི་བཟོ་ལས་དང་ནུས་ཁུངས་གླེང་སྟེགས་སྟེང་གཏམ་བཤད་སྤེལ་ཏེ། ཉིས་སྟོང་ཉེར་གཉིས་ལོར་ཨུ་རུ་སིའི་རྡོ་སྣུམ་ཐོན་ཚད་ཏུན་དུང་ཕྱུར་ལྔ་དང་བྱེ་བ་གསུམ་ས་ཡ་ལྔ་ཡིན་པ་དང་། ཉིས་སྟོང་ཉེར་གཅིག་ལས་བརྒྱ་ཆའི་གཉིས་འཕར་ཡོད། ད་ལོར་ཨུ་རུ་སིའི་རྡོ་སྣུམ་ཐོན་ཚད་ཅུང་ཇེ་ཉུང་དུ་སོང་ཡོད་ལ། ཚོད་དཔག་བྱས་ན་ཏུན་དུང་ཕྱུར་ལྔ་དང་བྱེ་བ་གཉིས་ས་ཡ་བདུན་ཡིན། ད་ལོར་ཨུ་རུ་སིའི་རྡོ་སྣུམ་དེ་མུ་མཐུད་དུ་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་རྒྱལ་ཁབ་དག་ལ་མཁོ་འདོན་བྱེད་པར་ཁ་ཕྱོགས་ཡོད་ཟེར།
ཁོས་བཤད་རྒྱུར། མིག་སྔར་ཨུ་རུ་སིའི་རང་བྱུང་སོལ་རླངས་ལས་རིགས་ཀྱི་གནས་བབ་གཏན་འཇགས་ཡིན་པ་དང་། ད་ལོའི་ཚུན་ལ་རང་བྱུང་སོལ་རླངས་ཀྱི་ཐོན་ཚད་སྨིད་རྒྱ་དཔངས་གྲུ་བཞི་མ་ཁྲག་ཁྲིག་བཞི་དང་ཐེར་ཆེན་གཅིག་ལ་བསླེབས་ཡོད་ལ། ཚོད་དཔག་བྱས་ན་ད་ལོའི་ལོ་མཇུག་བར་དུ་སྨིད་རྒྱ་དཔངས་གྲུ་བཞི་མ་ཁྲག་ཁྲིག་དྲུག་དང་ཐེར་ཆེན་བཞི་ཐེར་འབུམ་གཉིས་ལ་བསླེབས་སྲིད་ཟེར།
ནོའུ་ཝ་ཁི་ཡིས་བསྟན་དོན། ཨུ་རུ་སིར་ནུས་ཁུངས་དཀོན་པའི་གནད་དོན་མེད་ཀྱང་། མིག་སྔར་ནུས་ཁུངས་རིན་གོང་ཇེ་མཐོར་སོང་བའི་རྒྱུ་རྐྱེན་གཙོ་བོ་ནི་རྒྱལ་སྤྱིའི་ཚོང་རའི་རྡོ་སྣུམ་ཐོན་རྫས་ཀྱི་རིན་གོང་ཇེ་མཐོར་སོང་བས་རེད་ཟེར།
བཟོ་ལས་དང་ནུས་ཁུངས་གླེང་སྟེགས་ནི་ཨུ་རུ་སིའི་ལས་རིགས་ཀྱི་སྟེགས་བུ་གལ་ཆེན་ཞིག་ཡིན་པ་དང་། ཐེངས་འདིའི་གླེང་སྟེགས་ནི་ཟླ་དགུ་བའི་ཚེས་བཅོ་བརྒྱད་ཉིན་ནས་ཚེས་ཉེར་གཅིག་བར་སྤེལ་རྒྱུ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།