ནཱ་ཁཱ་ས་ཁུལ་གྱི་གནས་བབ་སྔར་ལས་ཛ་དྲག་ཏུ་གྱུར་བ་དང་འཁྲུག་རྩོད་མཚམས་འཇོག་པའི་ཐུན་མོང་ལྟ་ཚུལ་བཀོད་ཡོད།
2023.09.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 15

ཨ་སེ་པེད་ཅང་གི་རྒྱལ་སྲུང་པུའུ་ཡིས་ཚེས་བཅུ་དགུ་ཉིན་ཁྱབ་བསྒྲགས་བྱས་དོན། ནཱ་ཁཱ་ས་ཁུལ་ནས་དམག་དོན་འགུལ་སྐྱོད་སྤེལ་ཏེ་ཨེ་མེ་ནི་ཡཱའི་དྲག་ཆས་དམག་དཔུང་གི་དམིགས་འབེན་ལ་ཆམ་ཕབ་བཏང་ཟེར། ཨེ་མེ་ནི་ཡཱའི་ཙུང་ལི་ཕཱ་ཞེ་ནེ་དབྱང་གིས་ཉིན་དེར་བསྟན་དོན། ནཱ་ཁཱ་ས་ཁུལ་དུ་ཨེ་མེ་ནི་ཡཱའི་དྲག་ཆས་དམག་དཔུང་མེད་པ་དང་། ཨེ་མེ་ནི་ཡཱ་ཡིས་འོལ་ཚོད་ཀྱིས་འགུལ་སྐྱོད་སྤེལ་མི་སྲིད་ཟེར། ཨེ་མེ་ནི་ཡཱའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ནཱ་ཁཱ་ས་ཁུལ་ནས་མི་སོ་གཉིས་རྐྱེན་ལམ་དུ་ཤོར་བ་དང་། མི་ཉིས་བརྒྱ་ལྷག་ལ་རྨས་ཕོག ཚེས་བཅུ་དགུ་ཉིན་ཨེ་མེ་ནི་ཡཱའི་རྒྱལ་ས་ཨེ་ལི་ཝུན་གྱི་སྲིད་གཞུང་ཐོག་ཁང་ཆེན་མོའི་མདུན་དུ་མང་ཚོགས་མང་བོ་འདུས་ནས་འཁྲུག་རྩོད་བྱུང་བ་དང་། ཨེ་མེ་ནི་ཡཱའི་དམག་དོན་སྡེ་ཁག་གིས་ཡུལ་དངོས་སུ་མི་སྣ་བཀོད་སྒྲིག་བྱས་ཏེ་སྒྲིག་ལམ་སྲུང་སྐྱོབ་བྱེད་བཞིན་ཡོད། ཚེས་ཉི་ཤུ་ཉིན་ཨ་སེ་པེད་ཅང་གི་རྒྱལ་སྲུང་པུའུ་ཡིས་ཁས་ལེན་བྱས་དོན། ནཱ་ཁཱ་ས་ཁུལ་ནས་འཁྲུག་རྩོད་མཚམས་འཇོག་པའི་ཐུན་མོང་ལྟ་ཚུལ་བཀོད་པ་དང་། ས་དེའི་ཚེས་ཉི་ཤུ་ཉིན་གྱི་ཉིན་གུང་གི་དུས་ཚོད་གཅིག་ནས་བཟུང་དམག་དོན་འགུལ་སྐྱོད་མཚམས་འཇོག་རྒྱུ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།