ཨེ་ཨར་ཏའོ་ཨན་དང་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཐོག་དང་པོར་གྲོས་མོལ་བྱས།
2023.09.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 43

ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་དང་དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཚེས་བཅུ་དགུ་ཉིན་ཨ་མེ་རི་ཁའི་ཉིག་ཡོ་ནས་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་ལ་ཞུགས་པའི་སྐབས་སུ་ཐོག་དང་པོར་དངོས་སུ་གྲོས་མོལ་བྱས་པ་རེད།

ལུའུ་ཐིག་གསར་འགྱུར་ཁང་གིས་བསྒྲགས་པ་ལྟར་ན། ཐེངས་འདིའི་གྲོས་མོལ་ནི་ཐུར་ཁེ་དང་དབྱི་སི་རལ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ལེགས་བཅོས་བྱེད་པའི་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་གལ་ཆེན་ལྡན་ཟེར།

ཐུར་ཁེའི་ཙུང་ཐུང་བཞུགས་ཤག་གིས་དྲ་ཚིགས་བརྒྱུད་དེ་བཤད་རྒྱུར། མགོ་ཁྲིད་པ་གཉིས་ཀྱིས་ཆབ་སྲིད་དང་དཔལ་འབྱོར། ས་ཁུལ་བཅས་ཀྱི་གྲོས་གཞི་དང་། དེ་མིན་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནད་དོན་ལ་གྲོས་བསྡུར་བྱས་ཟེར།

ཨེ་ཨར་ཏའོ་ཨན་གྱིས་ནེ་ཐཱ་ནི་ཡཱ་ཧུའུ་ལ་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱིས་ནུས་ཁུངས་དང་ལག་རྩལ། གསར་གཏོད། མིའི་བཟོས་རིག་ནུས། དེ་མིན་དྲ་རྒྱའི་བདེ་འཇགས་སོགས་ཐད་ནས་མཉམ་ལས་བྱས་ཆོག་པ་དང་། ནུས་ཁུངས་དེ་ཕྱོགས་གཉིས་ཀྱི་མཉམ་ལས་ཀྱི་ཁྱབ་ཁོངས་གཙོ་བོ་ཞིག་ཏུ་འགྱུར་བའི་རེ་བ་ཡོད་ཟེར།

གྲོས་མོལ་ལ་ཞུགས་པའི་ཐུར་ཁེའི་ནུས་ཁུངས་པུའུ་ཀྲང་པཱ་དབྱེ་ལཱ་ཁི་ཐཱ་ཨར་གྱིས་བཤད་རྒྱུར། གྲོས་མོལ་ལས་གཙོ་བོ་རང་བྱུང་སོལ་རླངས་ཀྱི་སྔོག་འདོན་དང་ཐོན་སྐྱེད། ཉོ་ཚོང་སོགས་ཐད་ཀྱི་ནུས་ཁུངས་མཉམ་ལས་ཀྱི་གོ་སྐབས་ལ་གྲོས་བསྡུར་བྱས་ཟེར།

དབྱི་སི་རལ་གྱི་ཙུང་ལིའི་བཞུགས་ཤག་གིས་གསལ་སྒྲོག་ཅིག་ལས་བཤད་རྒྱུར། མགོ་ཁྲིད་པ་གཉིས་ཀྱིས་མྱུར་མོར་ཕན་ཚུན་རྒྱལ་ཁབ་ཏུ་འཚམས་འདྲི་བྱེད་པར་ཡིད་འཐད་བྱུང་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།