ཉིས་སྟོང་ཉེར་གསུམ་ལོའི་ཀྲུང་གོ་དང་ཡོ་རོབ་གླིང་གི་འགྲོ་མིའི་ཐོབ་ཐང་བགྲོ་གླེང་ཚོགས་འདུ་ཚེས་ཉི་ཤུ་ཉིན་དབྱི་ཐཱ་ལེའི་རྒྱལ་ས་རོ་མཱ་ནས་འཚོགས། ཐེངས་འདིའི་གྲོས་ཚོགས་ནས་གཙོ་བོ་དེང་རབས་ཅན་དང་འགྲོ་མིའི་ཐོབ་ཐང་གི་དཔལ་ཡོན་སྣ་མང་ཅན་དམིགས་སུ་བཟུང་ཡོད། ཀྲུང་གོ་དང་དབྱི་ཐཱ་ལེ། ཞི་ལཱ། དབྱིན་ཇི། ཨ་མེ་རི་ཁ། འཇར་མན། ཧི་ལན། སི་ཕན། སུའེ་ཙེར། ཨོ་སི་ཁྲུ་རི་ཡཱ། པུར་ཀ་རི་ཡཱ། ཅེ་ཁི། ནོར་ཝེ། ཕོ་ལན། ཕུའུ་ཐའོ་ཡཱ། སེར་ཝེ་ཡཱ་སོགས་རྒྱལ་ཁབ་ཀྱི་འགྲོ་མིའི་ཐོབ་ཐང་ཁྱབ་ཁོངས་ཀྱི་ཆེད་མཁས་པ་དང་སྲིད་གཞུང་གི་དཔོན་རིགས། གྲོས་ཁང་གི་གྲོས་མི། སྲིད་ཏང་དང་སྤྱི་ཚོགས་རྩ་འཛུགས་ཀྱི་འཐུས་མི་སོགས་མི་བརྒྱ་དང་སུམ་ཅུ་ལྷག་དྲ་ཐོག་དང་ཡུལ་དངོས་ནས་བགྲོ་གླེང་ལ་ཞུགས་ནས་བསམ་ཚུལ་བརྗེ་རེས་བྱས།
ཀྲུང་གོའི་འགྲོ་མིའི་ཐོབ་ཐང་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་པད་མ་འཕྲིན་ལས་ཀྱིས་ཞུ་ཚིག་ཕུལ་ཏེ་བསྟན་དོན། འཛམ་གླིང་ཧྲིལ་བོ་སྣ་མང་ཕུན་སུམ་ཚོགས་པ་དང་། སྣ་མང་ཅན་ནི་མིའི་རིགས་ཀྱི་དཔལ་ཡོན་གྱི་འགུག་ཤུགས་གཙོ་བོ་ཡིན། དཔལ་ཡོན་གང་ཡིན་རུང་རྒྱལ་ཁབ་ཅིག་དང་མི་རིགས་ཤིག་གི་བློ་གྲོས་ཉིང་བཅུད་དང་བསམ་པའི་འཚོལ་བསྙེག་འདུས་ཡོད་པས། དེར་གནས་པའི་རིན་ཐང་ཐུན་མོང་མ་ཡིན་པ་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་འཕེལ་རིམ་ཁྲོད། ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་དུས་རབས་ཀྱི་རླབས་རྒྱུན་དང་མཐུན་ཞིང་ཀྲུང་གོའི་གནས་ཚུལ་དང་འཚམ་པའི་འགྲོ་མིའི་ཐོབ་ཐང་གི་འཕེལ་རྒྱས་བགྲོད་ལམ་ཞིག་བསྙེག་ནས་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད། རྒྱལ་ཁབ་སོ་སོས་མཐུན་སྒྲིལ་མཉམ་ལས་བྱས་ཏེ་འཛམ་གླིང་ཡོངས་ཀྱི་འགྲོ་མིའི་ཐོབ་ཐང་ལ་བཅོས་སྐྱོང་བྱས་ནས་ཡང་དག་པའི་ཕྱོགས་སུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས། དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་མི་ཚང་མ་རང་དབང་གིས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ་དང་། ཕན་ཚུན་བརྗེ་རེས་དང་དཔེར་འཛིན་བྱས་ནས་འགྲོ་མིའི་ཐོབ་ཐང་གི་དཔལ་ཡོན་སྣ་མང་ཅན་ལ་ཡར་སྐུལ་བྱས་ཏེ། མཉམ་དུ་མིག་སྔའི་རྒྱལ་སྤྱིའི་འགྲོ་མིའི་ཐོབ་ཐང་ཁྱབ་ཁོངས་སུ་གནས་པའི་གནད་དོན་དང་འགྲན་རྩོད་ལ་ཐག་གཅོད་བྱེད་ཐབས་འཚོལ་ཞིབ་བྱེད་དགོས་ཟེར།
དབྱི་ཐཱ་ལེའི་རོ་མཱ་སློབ་ཆེན་ཁྲིམས་རིག་སློབ་གླིང་གི་ཡོན་ཀྲང་ཏིས་ལེ་པེ་ཐའོ་ཡིས་བསྟན་དོན། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དེ་ཀྲུང་གོའི་གཞི་རྩའི་བྱེད་ཕྱོགས་སུ་གྱུར་ཡོད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང་གིས་ཆེད་དུ་འགྲོའི་མིའི་ཐོབ་ཐང་ལ་གཏན་འཁེལ་བྱས་ཡོད་ལ། དེ་ནི་གསར་གཏོད་གལ་ཆེན་ཞིག་རེད་ཟེར།
དབྱིན་ཇིའི་གྲོས་ཁང་གོང་མའི་གྲོས་མི་ཏའེ་ཝེ་སུན་གྱིས་བསྟན་དོན། རྒྱལ་ཁབ་སོ་སོས་དུས་ཡུན་རིང་བོའི་འཕེལ་རྒྱས་བརྒྱུད་དེ་རང་ཉིད་ཀྱི་ལོ་རྒྱུས་དང་ལམ་ལུགས། སྲོལ་རྒྱུན། འཚོ་བའི་བྱེད་ཐབས། མཚན་ཉིད་རིག་པའི་འདུ་ཤེས་བཅས་ཆགས་ཡོད། འཕེལ་རྒྱས་དེ་རིགས་གྲོགས་མེད་ཁེར་རྐྱང་མ་ཡིན་པར་འཛམ་གླིང་ཡོངས་ཀྱི་ས་ཁུལ་གཞན་པའི་བར་གྱི་བརྗེ་རེས་དང་སློབ་སྦྱོང་ལ་བརྟེན་ནས་བྱུང་བ་རེད། ང་ཚོས་ཕན་ཚུན་གྱི་རིན་ཐང་ལ་ཁས་ལེན་བྱས་པའི་རྨང་གཞིའི་སྟེང་། ཕན་ཚུན་བརྩི་འཇོག་གི་རྣམ་འགྱུར་བཟུང་ནས་བརྗེ་རེས་དང་འགྲོ་མིའི་ཐོབ་ཐང་གནད་དོན་ལ་གྲོས་བསྡུར་བྱེད་དགོས་ཟེར།
བགྲོ་གླེང་སྐབས་སུ་ཀྲུང་ཕྱིའི་ཚོགས་ཞུགས་མི་སྣས་དཔལ་ཡོན་བརྗེ་རེས་དཔེར་ལེན་དང་དེང་རབས་ཀྱི་འགྲོ་མིའི་ཐོབ་ཐང་འདུ་ཤེས་ཀྱི་འཕེལ་རྒྱས། དེང་རབས་ཅན་དང་མིའི་རང་དབང་གི་འཕེལ་རྒྱས། དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་ཀྱི་རྒྱུན་མཐུད་འཕེལ་རྒྱས་དང་གྲངས་ལྡན་དུས་རབས་ཀྱི་འགྲོ་མིའི་ཐོབ་ཐང་གི་འཕེལ་འགྱུར་སོགས་གྲོས་གཞིར་དམིགས་ནས་དུས་མཉམ་གྱི་གྲོས་ཚོགས་གསུམ་བསྡུས་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།