ཕཱ་ཁི་སི་ཐན་ཀྲུང་དབྱང་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཚེས་ཉེར་གཅིག་ཉིན་ཁྱབ་བསྒྲགས་བྱས་དོན། ཕཱ་ཁི་སི་ཐན་གྱི་སྐབས་རྗེས་མའི་རྒྱལ་དམངས་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་དེ་ཉིས་སྟོང་ཉེར་བཞི་ལོའི་ཟླ་དང་པོའི་ཆེས་མཇུག་མཐའི་གཟའ་འཁོར་ནང་སྤེལ་རྒྱུ་ཡིན་ཟེར།
ཕཱ་ཁི་སི་ཐན་ཀྲུང་དབྱང་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་གསལ་སྒྲོག་སྤེལ་ཏེ། ཨུ་ཡོན་ལྷན་ཁང་དེས་ཟླ་དགུ་བའི་ཚེས་ཉེར་བདུན་ཉིན་ས་ཁུལ་བགོ་བའི་ཐོག་མའི་རེའུ་མིག་ཁྱབ་སྒྲོག་བྱེད་རྒྱུ་ཡིན་པ་དང་། ཟླ་བཅུ་གཅིག་པའི་ཚེས་སུམ་ཅུ་ཉིན་མཇུག་མཐའི་རེའུ་མིག་ཁྱབ་སྒྲོག་བྱེད་རྒྱུ་ཡིན་ལ། དེའི་རྗེས་ཀྱི་དུས་ཡུན་ཉིན་ང་བཞིའི་རིང་གི་འགྲན་རྩོད་བྱ་འགུལ་མཇུག་སྒྲིལ་རྗེས་རྒྱལ་དམངས་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ་རྒྱུ་ཡིན་ཟེར། གསལ་སྒྲོག་ལས་འདེམ་བསྐོའི་ངེས་གཏན་གྱི་དུས་ཚོད་ནམ་ཡིན་གསལ་བོར་བསྒྲགས་མེད།
སྐབས་སྔོན་མའི་ཕཱ་ཁི་སི་ཐན་རྒྱལ་དམངས་གྲོས་ཁང་གིས་ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་བརྒྱད་པའི་ཚེས་བཅུ་གསུམ་ཉིན་དམ་བཅའ་བཞག་སྟེ་ལས་འགན་ཁུར་བ་ཡིན་ལ། འགན་ཡུན་ལོ་ངོ་ལྔ་རེད། ད་ལོའི་ཟླ་བརྒྱད་པའི་ཚེས་དགུ་ཉིན། ཕཱ་ཁི་སི་ཐན་གྱི་ཙུང་ཐུང་ཨ་ཨར་ཝེ་ཡིས་རྒྱལ་དམངས་གྲོས་ཁང་གཏོར་བར་ཆོག་མཆན་བཀོད་པ་དང་། དེ་ལས་སྐབས་སྔོན་མའི་སྲིད་གཞུང་དེ་དངོས་སུ་གཏོར་བ་མཚོན་ཡོད། ཕཱ་ཁི་སི་ཐན་གྱི་རྩ་ཁྲིམས་ལྟར་ན། སྐབས་སྔོན་མའི་རྒྱལ་དམངས་གྲོས་ཁང་དེ་བཅའ་ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་འགན་ཡུན་མ་ལོངས་གོང་གཏོར་བ་ཡིན་པས། ཕཱ་ཁི་སི་ཐན་གྱིས་ཉིན་དགུ་བཅུའི་རིང་སྐབས་རྗེས་མའི་རྒྱལ་དམངས་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ་དགོས་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།