ས་དཀྱིལ་མཚོ་ཁོངས་ས་ཁུལ་གྱི་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དགུའི་གྲངས་ལྡན་དཔལ་འབྱོར་ཁྱབ་ཁོངས་ཀྱི་འགན་ཁུར་བའི་པུའུ་ཀྲང་གིས་ཚེས་ཉི་ཤུ་ཉིན་མར་ཐཱ་ཨ་ཐར་ཏི་ནས་པུའུ་ཀྲང་རིམ་པའི་གྲོས་ཚོགས་བསྡུས་ཏེ། མིའི་ཐབས་ཀྱི་རིག་ནུས་ལས་བྱུང་བའི་འགྲན་རྩོད་ཐག་གཅོད་བྱེད་པར་གྲོས་བསྡུར་བྱས་པར་མ་ཟད། མིའི་ཐབས་ཀྱི་རིག་ནུས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་དགོས་པའི་འབོད་སྐུལ་བཏང་།
རྒྱལ་ཁབ་དགུ་བོ་དེར་མར་ཐཱ་དང་ཁི་ལོ་ཏི་ཡཱ། སེ་ཕུའུ་ལུའུ་སི། ཧྥ་རན་སི། ཞི་ལཱ། དབྱི་ཐཱ་ལེ། ཕུའུ་ཐའོ་ཡཱ། སི་ལོ་ཝུན་ནེ་ཡཱ། སི་ཕན་བཅས་འདུས། གྲོས་ཚོགས་མཇུག་སྒྲིལ་རྗེས། རྒྱལ་ཁབ་དགུའི་པུའུ་ཀྲང་གིས་མིའི་ཐབས་ཀྱི་རིག་ནུས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་པའི་སྐོར་གྱི་མཉམ་འབྲེལ་གསལ་སྒྲོག་བཀོད།
གསལ་སྒྲོག་དེ་ལྟར་ན། རྒྱལ་ཁབ་དགུ་ཡིས་མིའི་ཐབས་ཀྱི་རིག་ནུས་ཀྱི་རྨང་གཞིའི་སྒྲིག་ཆས་ཐད་ཀྱི་དངུལ་གཏོང་ཇེ་མང་དུ་གཏོང་བར་ཡིད་འཐད་བྱུང་བ་དང་། ས་དཀྱིལ་མཚོ་ཁོངས་ས་ཁུལ་དུ་མིའི་ཐབས་ཀྱི་རིག་ནུས་ཞིབ་འཇུག་གསར་སྤེལ་ལྟེ་གནས་བཙུགས་ཏེ། བསྟུད་མར་གསར་གཏོད་ལ་སྐུལ་མ་བཏང་སྟེ་ཁྱབ་ཁོངས་དེའི་ཁེ་ལས་ལ་ཁོར་ཡུག་བཟང་བོ་བསྐྲུན་པར་ཡིད་འཐད་བྱུང་བ་དང་། སྔར་ལས་ལྷག་པའི་སྒོ་ནས་མིའི་ཐབས་ཀྱི་རིག་ནུས་དེ་སྤྱི་བའི་ཞབས་ཞུའི་ཁྱབ་ཁོངས་སུ་ཇི་ལྟར་བེད་སྤྱོད་བྱེད་པར་ཞིབ་འཇུག་བྱས་ནས། ཕན་འབྲས་དང་གསལ་ཚད། བཅོས་སྐྱོང་ནུས་པ་བཅས་ཇེ་མཐོར་བཏང་ནས། མཉམ་དུ་མིའི་ཐབས་ཀྱི་རིག་ནུས་འཇོན་མི་གསོ་སྐྱོང་བྱས་ཏེ། ཡིད་རྟོན་རུང་བའི་མིའི་ཐབས་ཀྱི་རིག་ནུས་ལག་རྩལ་བེད་སྤྱད་དེ་དྲ་རྒྱའི་ནག་ཉེས་ལ་ཆམ་ཕབ་གཏོང་བ་དང་མ་ལག་དང་གཞི་གྲངས་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པར་ཡིད་འཐད་བྱུང་།
རྒྱལ་ཁབ་དགུ་ཡིས་ད་རུང་ཆེས་ལེགས་པའི་ལག་ལེན་ཉམས་མྱོང་མཉམ་སྤྱོད་བྱས་ཏེ་མིའི་ཐབས་ཀྱི་རིག་ནུས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་པར་ཡིད་འཐད་བྱུང་།
མར་ཐཱའི་དཔལ་འབྱོར་ཁྱབ་ཁོངས་ལ་འགན་ཁུར་བའི་པུའུ་ཀྲང་སི་ཁུན་པུའུ་ལི་ཡིས་ཉིན་དེར་སྤེལ་བའི་གསར་འགྱུར་སྤྱི་སྒྲོག་ཅིག་གི་ནང་བཤད་རྒྱུར། ཐོན་ཁུངས་གཅིག་བསྡུས་དང་གཞི་གྲངས་མཉམ་སྤྱོད། མཉམ་དུ་དངུལ་གཏོང་བཅས་བྱས་ནས་མིའི་ཐབས་ཀྱི་རིག་ནུས་ཀྱིས་ངེས་པ་དོན་གྱིས་མི་རྣམས་ཀྱི་འཚོ་བ་ལེགས་བཅོས་བྱེད་པར་སྐུལ་འདེད་གཏོང་དགོས་ཟེར།
སི་ཁུན་པུའུ་ལི་ཡིས་ས་དཀྱིལ་མཚོ་ཁོངས་ས་ཁུལ་གྱི་རྒྱལ་ཁབ་དག་གིས་མིའི་ཐབས་ཀྱི་རིག་ནུས་ཁྱབ་ཁོངས་ཀྱི་མཉམ་ལས་དང་ཤེས་བྱའི་བརྗེ་རེས་ལ་ཤུགས་སྣོན་དགོས་པའི་འབོད་སྐུལ་བཏང་།
ཉིན་དེར་རྒྱལ་ཁབ་དགུའི་པུའུ་ཀྲང་གིས་ད་རུང་ཨ་ཐར་ཏི་ནས་སྤེལ་བའི་མར་ཐཱའི་བཟོ་ལས་དང་གྲངས་ལྡན་ཅན་གྱི་འགྲེམ་སྟོན་ཚོགས་འདུ་ཐོག་མར་ལྟ་སྐོར་བྱས། འགྲེམ་སྟོན་ཚོགས་འདུ་དེ་ཚེས་བཅུ་དགུ་ཉིན་མགོ་བརྩམས་པ་དང་། ཚོགས་ཡུན་ཉིན་གསུམ་རེད། དེ་ལས་མར་ཐཱའི་མིའི་ཐབས་ཀྱི་རིག་ནུས་ཀྱི་ཞིབ་འཇུག་གསར་སྤེལ་དང་བཀོལ་སྤྱོད་ཁྱབ་ཁོངས་ནས་བླངས་པའི་གྲུབ་འབྲས་གཅིག་བསྡུས་ཀྱིས་ངོམས་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།