མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་ཉེར་གཅིག་ཉིན་སྣེ་མང་འཛམ་གླིང་ལ་འཚམ་པའི་ཕྱོགས་མང་རྐྱེན་སྲོལ་འཛུགས་དགོས་པའི་འབོད་སྐུལ་བཏང་།
ཀུའུ་ཐི་ལོས་སི་ཡིས་མ་འོངས་པའི་མཐོ་རིམ་ཚོགས་འདུའི་པུའུ་ཀྲང་རིམ་པའི་གྲ་སྒྲིག་ཚོགས་འདུའི་སྟེང་བཤད་རྒྱུར། སྣེ་མང་འཛམ་གླིང་ཆགས་བཞིན་ཡོད་ཅིང་། སྣེ་མང་འཛམ་གླིང་གིས་རྒྱལ་ཁབ་མི་འདྲ་བས་འཛམ་གླིང་སྣེ་ཁྲིད་བྱེད་པར་གོ་སྐབས་འདོན་སྤྲོད་བྱེད་སྲིད་ཀྱང་། ལོ་རྒྱུས་ཉམས་མྱོང་ལས་ར་སྤྲོད་བྱུང་བ་ལྟར་ན། ཕྱོགས་མང་རྐྱེན་སྲོལ་སྟོབས་དང་ལྡན་པ་ཞིག་མེད་ན་སྣེ་མང་འཛམ་གླིང་ལ་ཉེན་ཁ་ཚབས་ཆེན་གནས་ཡོད་པ་དང་། ས་ཁུལ་བར་གྱི་འཐབ་ཇུས་ཛ་དྲག་ཏུ་འགྱུར་བ་དང་གོ་རིམ་མེད་པའི་འགྲན་རྩོད། སྔར་ལས་ཚབས་ཆེ་བའི་ཁ་བྲལ་བཅས་འབྱུང་སྲིད་པ་གསལ་བོར་མངོན་ཡོད་ཟེར།
ཁོས་བཤད་རྒྱུར། ཕྱོགས་མང་རྐྱེན་སྲོལ་ལ་ཡོངས་ཁྱབ་རང་བཞིན་ལྡན་ན་ད་གཟོད་ཚེ་སྲོག་ལྡན་པ་ཡིན། སང་ལོར་བསྡུ་བར་ཐག་བཅད་ཡོད་པའི་མ་འོངས་པའི་མཐོ་རིམ་གྲོས་ཚོགས་ཀྱིས་ཡིད་ཆེས་སླར་གསོ་དང་དུས་ཡོལ་གྱི་ཕྱོགས་མང་རྐྱེན་སྲོལ་དང་སྒྲོམ་གཞི་བཅོས་བསྒྱུར་བྱེད་པར་ཐུན་མིན་གྱི་གོ་སྐབས་འདོན་སྤྲོད་བྱེད་སྲིད། མ་འོངས་པའི་མཐོ་རིམ་གྲོས་ཚོགས་ནི་ཉེན་ཁ་ཇེ་ཉུང་དུ་གཏོང་བ་དང་འཛམ་གླིང་གི་ཞི་བདེ་དང་བདེ་འཇགས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ཟེར།
ཀུའུ་ཐི་ལོས་སི་ཡིས་ཁོངས་གཏོགས་རྒྱལ་ཁབ་དག་གིས་སྲིད་གཞུང་བར་གྱི་གྲོས་མོལ་ལ་མ་འོངས་སྤྱི་ཆིངས་འགོད་པའི་གྲོས་མོལ་ལ་ཡིད་འཐད་བྱུང་བར་དགའ་བསུ་ཞུས་པར་མ་ཟད། མ་འོངས་པའི་མཐོ་རིམ་གྲོས་ཚོགས་སྟེང་གྲོས་འཆམ་བྱུང་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་ལ་བསྐྱར་སྒྲོག་དང་ཕྱོགས་མང་རིང་ལུགས་སླར་གསོ། ད་ཡོད་ཀྱི་དམ་བཅའ་དངོས་འབེབས་བྱེད་པར་སྐུལ་འདེད་བཏང་སྟེ། མཉམ་དུ་འགྲན་རྩོད་གསར་བ་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་དགོས་ཟེར། ཁོས་བཤད་རྒྱུར། དེང་སྐབས་ཀྱི་འཛམ་གླིང་ཧྲིལ་བོའི་མདུན་དུ་ལྷགས་པའི་འགྲན་རྩོད་ལ་ཡོངས་ཁྱབ་རང་བཞིན་ལྡན་པས་ཡོངས་ཁྱབ་རང་བཞིན་ལྡན་པའི་ཐག་གཅོད་ཇུས་གཞི་འདོན་དགོས་པ་དང་། རྒྱལ་ཁབ་ཀྱི་སྡེ་ཚོགས་ཆུང་བ་དང་རང་འགུལ་མཁན་གྱི་མནའ་འབྲེལ་ལ་བརྟེན་ནས་ཐག་གཅོད་བྱེད་དཀའ་ལ། མཉམ་འབྲེལ་རྒྱལ་ཚོགས་ནི་དམིགས་འབེན་དེ་མངོན་འགྱུར་བྱེད་པའི་གླེང་སྟེགས་གཅིག་པུ་ཡིན་ཟེར། ཁོས་ཁོངས་གཏོགས་རྒྱལ་ཁབ་དག་གིས་དགོས་གལ་འདུ་ཤེས་དང་ཐུན་མོང་དམིགས་འབེན་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ། མ་འོངས་སྤྱི་ཆིངས་ལ་བློ་སྤོབས་དང་བཅོས་བསྒྱུར་རང་བཞིན་ལྡན་པར་ཁག་ཐེག་བྱེད་དགོས་པའི་འབོད་སྐུལ་བཏང་།
མ་འོངས་པའི་མཐོ་རིམ་གྲོས་ཚོགས་དེ་སང་ལོའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་མཐོ་རིམ་གྲོས་ཚོགས་སྐབས་སུ་བསྡུ་རྒྱུ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།